ཞི་ཅིན་ཕིང་གིས་རྗོ་བྷའེ་ཌན་ལ་འཚམས་འདྲི་ཞུས་འདུག
ཨ་རིའི་སྲིད་འཛིན་འོས་བསྡུར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་པ་གསལ་པོ་ཆགས་ནས་བདུན་ཕྲག་གཉིས་ལས་མང་བ་སོང་བའི་རྗེས་སུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྗོ་བྷའེ་ཌན་ལ་འཚམས་འདྲི་ཞུས་ནས། ཨ་རྒྱ་གཉིས་བར་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་འབྲེལ་ལམ་ཡོང་བའི་རེ་བ་ཡོད་སྐོར་བརྗོད་འདུག
དེ་ཡང་ཟླ་༡༡ པའི་ཚེས་༢༥ ཉིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་ལ་འཚམས་འདྲིའི་འཕྲིན་ཡིག་གཅིག་བཏང་ཡོད་འདུག་པ་དང་། དེའི་ནང་ཁོང་གིས་ཨ་རི་དང་རྒྱ་ནག་གཉིས་བར་འབྲེལ་ལམ་བརྟན་པོ་དང་བཟང་པོ་ཞིག་ཡོང་བ་བྱེད་རྒྱུ་དེས། ཕྱོགས་གཉིས་ཀའི་མི་མང་གི་གཞི་རྩའི་ཁེ་ཕན་ལ་ཞབས་ཞུ་སྒྲུབ་ཐུབ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་འདུན་དང་མཐུན་གྱི་ཡོད་སྐོར་བརྗོད་ཡོད་འདུག
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་གདོང་གཏུག་དང་རྩོད་རྙོག་མེད་པ། ཕན་ཚུན་གུས་བརྩི་དང་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་མཉམ་ལས་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་ཐོག་ཏུ་དོ་ཁུར་དང་འགལ་ཟླ་ཚོད་འཛིན་བྱེད་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་བཟང་པོ་དང་བརྟན་པོ་བསྐྲུན་པ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ལ་འཇུག་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུ་དེ་ཟླ་༡༡ པའི་ཚེས་༣ ཉིན་བྱས་ཡོད་པ་དང་། ཚེས་༧ ཉིན་ཨ་རིའི་གསར་ཁང་ཆེ་གྲས་ཁག་གིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་ཡོད་པ་གསལ་བསྒྲགས་བྱས་རྗེས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་པོ་ཞིག་གིས་འདེམས་ཐོན་སྲིད་འཛིན་ཁོང་དང་སྲིད་འཛིན་གཞོན་པར་འཚམས་འདྲི་ཞུས་ཡོད་པ་རེད་དེ། ད་བར་སྲིད་འཛིན་ཊོམ་གྱིས་ཕམ་ཁ་ཁས་ལེན་གཙང་མ་བྱས་མེད་པ་རེད། དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ད་བར་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འཚམས་འདྲི་མ་ཞུས་པའི་རྒྱུ་མཚན་ནི་སྲིད་འཛིན་ཊོམ་ལ་ཕོག་ཐུག་མི་གཏོང་བའི་ཆེད་ཡིན་སྲིད་སྐོར་བརྗོད་བཞིན་འདུག
ད་ཡོད་སྲིད་འཛིན་ཊོམ་གྱི་ལས་ཡུན་སྐབས་སུ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཚད་གཞི་ཤིན་ཏུ་དམའ་བོ་ཆགས་ཡོད་པ་དང་། མང་པོ་ཞིག་གིས་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གྱིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག
ཟླ་༢ པའི་ནང་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྣམས་ཀྱི་བར་དུ་བགྲོ་གླེང་ལས་རིམ་སྐབས་སུ། རྗོ་བྷའེ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནི་གཞན་ལ་ཐོབ་ཚོད་གཏོང་མཁན་ཞིག་ཡིན་སྐོར་བརྗོད་འདུག་པ་དང་། དེ་བཞིན་རྗོ་བྷའེ་ཌན་གྱི་འོས་བསྡུའི་དྲིལ་བསྒྲགས་ཚོགས་ཆུང་གིས། རྒྱ་ནག་གཞུང་གི་ཡུ་གུར་ཁ་ཆེ་མི་རིགས་ཐོག་གི་དྲག་གནོན་དེ་ནི་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཡིན་པར་ངོས་འཛིན་བྱས་ཡོད་འདུག
ཞི་ཅིན་ཕིང་གི་མཚམས་འདྲི་དང་བསྟུན་ནས། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་གྱིས་ཀྱང་ཨ་རིའི་འདེམས་ཐོན་སྲིད་འཛིན་གཞོན་པ་ཀཱ་མ་ལ་ཧེ་རི་སེར་འཚམས་འདྲི་ཞུས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
