ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་ཕྱུག་བདག་གཅིག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

 རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པའི་ཕྱུག་བདག་གཅིག་གིས། དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ལས་དོན་སྤེལ་སྟངས་ལ་སྐྱོན་བརྗོད་ཆེན་པོ་བྱས་རྗེས། ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལོ་ངོ་༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག གནད་དོན་དེ་ཡང་དམར་ཤོག་ཚོགས་པའི་ཚོགས་མི་གཞན་ཚོར་ཡང་ཉེན་བརྡ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད་འདུག 

ཟླ་༩ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༣ པའི་ནང་རྒྱ་ནག་ནང་གི་དྲ་ཐོག་ཏུ་སྲིད་འཛིན་ཞི་ཅིང་ཕིང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་ཡོད་འདུག་པ་དང་། རྩོམ་ཡིག་དེ་འབྲི་མཁན་ནི་དེ་སྔོན་རྒྱ་ནག་གཞུང་གི་ས་ཁང་ཚོང་ལས་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་དང་། ཐེར་འབུམ་གྱི་བདག་པོ་ཡིན་མཁན་(Ren Zhiqiang) ཡིན་པ་ཡོངས་གྲགས་སུ་ངོས་འཛིན་བྱེད་བཞིན་འདུག 

རྩོམ་ཡིག་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གསར་འགོད་རང་དབང་དང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་དྲག་གནོན་བྱེད་ཀྱི་ཡོད་པའི་ཐོག་སྐྱོན་བརྗོད་བྱས་ཡོད་འདུག རྩོམ་ཡིག་དེའི་ནང་སྲིད་འཛིན་ཞི་ཅིན་ཕིང་ཞེས་མིང་གསལ་འདོན་བྱས་མེད་ཀྱང་། རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་དེ་ནི་འཇོན་ཐང་མེད་པའི་གླེན་པ་ཆོབ་སློང་མཁན་ཞིག་ཡིན་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་མུ་མཐུད་འཛིན་ཆེད་དུ་མི་མང་གི་བདེ་འཇགས་ལས་ཚོགས་པའི་ཁེ་དབང་གལ་ཆེན་བ་འཛིན་བཞིན་ཡོད་པར་སྐྱོན་བརྗོད་བྱས་ཡོད་ཁར། དངོས་ཡོད་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་གསར་འགྱུར་བརྒྱུད་ལམ་མེད་རྐྱེན། མི་མང་གི་ཚེ་སྲོག་ལ་ནད་འབུ་དང་དམར་ཤོག་ཚོགས་པའི་ལམ་ལུགས་ནད་པ་ཅན་གཉིས་ཀྱིས་གཏོར་བཅོམ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག རྩོམ་ཡིག་དེ་སྤེལ་ནས་རིང་པོ་མ་སོང་བར། ཕྱུག་བདག་ཁོང་གར་སོང་ཆ་མེད་འགྱུར་འདུག་པ་དང་། ཟླ་༤ པའི་ནང་རྒྱ་ནག་གཞུང་གིས་ཁོང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས་སྲིད་འཛིན་ཞི་ཅིན་ཕིང་ལ་ཁ་གཏད་གཅོག་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། རྒྱ་རིགས་ཕྱུག་བདག་ཚོའི་མགོ་བོ་གནོན་ཆེད་དུ། ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་གཡོགས་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག 

དེ་བཞིན་ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཚོས་དམར་ཤོག་ཚོགས་པར་འགྱུར་མེད་ཀྱི་གུས་ཞེན་བྱེད་དགོས་སྐོར་བརྗོད་སྐབས་སུ། ཕྱུག་བདག་ཁོང་གིས་སྤྱི་ཚོགས་དྲ་ལམ་ཏུ་སྐད་ཆ་དེར་དོགས་སློང་བྱས་འདུག་པ་དང་། སྐབས་དེར་ཁོའི་སྤྱི་ཚོགས་དྲ་ལམ་སྒོ་བརྒྱབ་པ་དང་། དམར་ཤོག་ཚོགས་པའི་ཚོགས་མི་དེ་ལོ་གཅིག་རིང་ཚོད་ལྟ་འོག་བཞག་འདུག 

རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཕྱུག་བདག་ཁོང་གིས་སྤྱི་པའི་དངུལ་ཨ་སྒོར་ས་ཡ་༡༦.༣ ལྐོག་བཟས་བྱས་ཡོད་པ་དང་། ལྐོག་རྔན་བླངས་པ་དང་དབང་ཆ་ལོག་སྤྱོད་བྱས་པ་སོགས་བྱས་རྐྱེན། གཞུང་གི་ཚོང་ལས་ཁང་དེར་ཨ་སྒོར་ས་ཡ་༡༧.༢ ཀྱི་གྱོང་གུད་བྱུང་ཡོད་པ་ར་སྤྲོད་བྱུང་ཡོད་པས། ལོ་ངོ་༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་དང་། དཔལ་འབྱོར་ཉེས་ཆད་ཨ་སྒོར་འབུམ་དྲུག་དང་ཁྲི་གཉིས་གཅོད་རྒྱུ་ཐག་གཅོད་བྱས་ཡོད་འདུག ཁྲིམས་ཁང་གིས་བརྗོད་དོན་ལྟར་ན། ཁོང་གིས་དང་བླངས་ཐོག་ནས་རང་གི་ཉེས་པ་རྣམས་ངོས་ལེན་བྱས་ཡོད་པ་དང་། ཁྲིམས་ཁང་གིས་ཉེས་པ་རྣམས་ལ་དང་ལེན་བྱེད་འདོད་བྱེད་ཀྱི་ཡོད་འདུག 

ད་ལྟའི་ཆར་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་གནད་དོན་གཞན་གྱི་ཐོག་ཏུ་གནོན་ཤུགས་སླེབས་བཞིན་ཡོད་པ་དང་། རྒྱལ་ནང་དུ་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ཡོད་བཞིན་སྐབས་དེར། སྲིད་འཛིན་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱེད་མཁན་དམར་ཤོག་ཚོགས་པའི་ཚོགས་མི་དང་འགོ་ཁྲིད་སུ་ལ་ཡང་བཟོད་སྲན་བྱེད་ཐབས་མེད་པའི་བརྡ་ལན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།