ཟླ་བའི་ཐོག་གི་རྐང་རྗེས་གསར་པ།

ཉེ་བའི་ཆར་རྒྱ་གར་གྱི་བར་སྣང་ཞིབ་འཇུག་ཚོགས་པས་(ISRO)ཡུན་རིང་ཞིབ་འཇུག་དང་འབད་བརྩོན་ལ་བརྟེན་ནས། ཅནྡྲ་ཡཱན་གསུམ་པ་(Chandrayaan-3)ཞེས་པའི་མིས་བཟོས་འཕུར་མདའ་ཟླ་བའི་གོ་ལའི་ལྷོ་སྣེ་རུ་བཏང་ནས། རྒྱ་གར་འཛམ་གླིང་ཡོངས་ནས་ཟླ་བའི་གོ་ལའི་ཐོག་འཕུར་མདའ་བརྒྱུད་སྲུང་སྐར་གཏོང་ཐུབ་མཁན་རྒྱལ་ཁབ་ཨང་བཞི་པར་གྱུར་པ་མ་ཟད། ཟླ་བའི་ལྷོ་སྣེ་རུ་གཏོང་མཁན་ཨང་དང་པོའི་ཟིན་ཐོ་བཀོད། ཟླ་བའི་གོ་ལར་སྲུང་སྐར་གཏོང་བ་ལས་རྒྱ་གར་ནང་གི་ཉམ་ཐག་རྣམས་ལ་ཟས་གོས་ཀྱི་དཀའ་ངལ་སེལ་རྒྱུ་གལ་ཆེ་ཚུལ་བརྗོད་མཁན་ཡང་འདུག་མོད། འཛམ་གླིང་འདིའི་སྟེང་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་པར་ཟས་གོས་ཀྱི་གནད་དོན་ཁོ་ན་ཐག་གཅོད་ཐུབ་པས་ཆོག་པ་ཞིག་མིན་ལ། རྡུལ་ཕྲན་མཚོན་ཆ་དང་། འཕྲུལ་རིག་ལག་རྩལ། དཔལ་འབྱོར། དམག་དོན་སོགས་ཀྱི་ནུས་པ་མེད་ན་རྒྱལ་ཁབ་གཞན་གྱིས་ཐུབ་ཚོད་གཏོང་ངེས་སུ་གྱུར་ཡོད་པ་རཱ་ཤི་ཡ་དང་། ཡུག་ཀེ་རན་གྱི་དམག་འཁྲུག་གི་གནས་སྟངས་ལ་བལྟས་ན་གསལ་པོ་རྟོགས་ཐུབ། ཟླ་བའི་གོ་ལའི་ཐོག་ས་ཆ་བདག་བཟུང་བྱ་རྒྱུ་དང་དེའི་ཐོག་ལ་ནུས་པ་འདོན་རྒྱུའི་གནས་ཚད་དང་། ཟས་གོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཉིས་བསྡུར་ནས་བཤད་པ་ནི། རྒྱལ་ཁབ་ཅིག་གི་གནད་དོན་དང་། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་འགྱུར་ལྡོག་གི་གནས་སྟངས་ལ་གཞིགས་ན། ཧ་ཅང་བློ་རྒྱ་ཆུང་བའི་ལྟ་ཚུལ་ཞིག་ཡིན་པ་ལས་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་ཅེས་བརྗོད་ཆོག རྒྱ་གར་ལ་མཚོན་ན་འུད་སྒྲོག་ཆེན་པོ་མེད་པ་དང་། མེད་ཀྱང་ཡོད་མདོག་སྟོན་མཁན་གྱི་རྒྱལ་ཁབ་ཅིག་མིན་པ་མ་ཟད། འ་ཆད་འུ་ཐུག་ན་མ་གཏོགས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་འཁོན་འགྲས་སློང་མཁན་ཞིག་མིན་ཡང་། ས་འབྲེལ་རྒྱལ་ཁབ་ཁག་གི་གནས་སྟངས་ལ་བརྟེན་ནས་མ་འོངས་པར་རྒྱ་གར་དུའང་དམག་འཁྲུག་ཡོང་མི་སྲིད་པ་གཏན་ནས་མིན་པས། ཕྱོགས་ཡོངས་ནས་སྟོབས་ཤུགས་རྒྱ་བསྐྱེད་གཏོང་མ་ཐུབ་ན། རྒྱ་གར་དུ་མི་འབོར་མང་བ་གཅིག་པུས་ཕན་ཐོགས་མེད་པར་མ་འོངས་པར་‘མི་མང་ན་རོ་མང་’ཞེས་པའི་དཔེ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བྱང་ཀོ་རི་ཡར་མཚོན་ན་དཔལ་འབྱོར་དང་། ཆབ་སྲིད་ཀྱི་ཐོག་ནས་དཀའ་ངལ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ནའང་། རྡུལ་ཕྲན་མཚོན་ཆའི་ཐོག་ལ་ནུས་པ་ཆེན་པོ་འདོན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། ད་ལྟའི་ཆར་བྱང་ཀོ་རི་ཡར་མི་དགའ་མཁན་གྱི་རྒྱལ་ཁབ་ཇི་སྙེད་ཅིག་ཡོད་ཀྱང་། དམག་རྒྱག་པ་སོགས་ཁ་གཏད་གཅོག་ཕོད་མཁན་གྱི་རྒྱལ་ཁབ་ཅིག་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། དེ་ནི་བྱང་ཀོ་རི་ཡར་ཟས་གོས་ཀྱི་དཀའ་ངལ་མེད་པས་མ་ཡིན་པར་རྡུལ་ཕྲན་མཚོན་ཆ་སོགས་དམག་དོན་གྱི་ཐོག་ནས་ནུས་པ་ཆེན་པོ་ཡོད་པས། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་དེ་ལ་ཞེད་སྣང་བྱེད་ཀྱི་ཡོད། མི་མང་གི་ཟས་གོས་གནད་དོན་ཐག་གཅོད་དགོས་པ་གལ་ཆེན་པོ་ཡིན་ཡང་། རྒྱལ་ཁབ་གཞན་གྱི་གནོད་འཚེ་འགོག་པར་རྡུལ་ཕྲན་མཚོན་ཆ་དང་། གོ་མཚོན་ལག་ཆ་སོགས་དམག་དོན་སྟོབས་ཤུགས་ཐོག་ནས་དམིགས་བསལ་ནུས་པ་ཡོད་མཁན་ཞིག་བྱེད་མ་ཐུབ་ན། ཡུག་རེན་ལྟ་བུ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱེད་ཆོག་ཆོག་ཏུ་གྱུར་ཡོད་པ་རེད། ཟླ་བའི་གོ་ལའི་སྟེང་སྲུང་སྐར་ཚད་ལྡན་ཞིག་འཇོག་ཐུབ་ན། དུས་རབས་ཉེར་གཅིག་པའི་དམག་དོན་ལ་ཕན་པའི་གནས་ཚུལ་མང་དག་ཅིག་རག་ཐུབ་པ་དང་། ཁ་གཏད་རྒྱལ་ཁབ་ཁག་གི་དམག་དོན་གནས་ཚུལ་གྱི་གསང་བ་མང་པོ་ཞིག་ཀྱང་རང་བཞིན་གྱིས་ལེན་ཐུབ་པ་སོགས་ཧ་ཅང་ཕན་ཐོགས་ཆེན་པོར་གྱུར་ཡོད། ད་ཆ་རྒྱ་གར་ནི་འཛམ་གླིང་སྤྱི་ཡོངས་ནས་དཔལ་འབྱོར་ཡར་རྒྱས་འཕེལ་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་དང་། ལོ་སྔོན་མའི་ཟླ་མཇུག་ནས་བཟུང་འཛམ་གླིང་ཡོངས་ནས་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུའང་གྱུར་ནས་རྒྱ་གར་ནི་འཛམ་གླིང་ནང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་པས། མ་འཛུགས་དང་མཉམ་འབྲེལ་བྱེད་མཁན་གྱི་རྒྱལ་ཁབ་དང་ཚོང་པ་སྟོབས་ཆེན་མང་དག་ཅིག་གིས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད། རྒྱ་གར་གྱི་དཔལ་འབྱོར་གྱི་གཞི་རྩའི་སྒྲོམ་གཞི་སྲ་བརྟན་ཡིན་པས་ཨ་རིའི་དངུལ་རྩའི་ཉམས་ཉེས་ཀྱིས་རྒྱ་གར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པ་དང་། རཱ་ཡུའི་དམག་འཁྲུག་ལ་བརྟེན་ནས་ཀྱང་ཤུགས་རྐྱེན་ཐེབས་མེད། མདོར་ན་བོད་རང་བཙན་ཤོར་བ་དེ་ཡང་སྐབས་དེའི་གནས་སྟངས་ལ་ལྟོས་ནས་བཤད་ན། བོད་ས་ཁྱོན་ཡོངས་ལ་ཟས་གོས་མེད་པའི་དཀའ་ངལ་ལ་བརྟེན་ནས་བྱུང་མེད་ལ། དམག་དཔུང་མེད་པ་དང་། གོ་མཚོན་ཚད་ལྡན་མེད་པའི་རྒྱུ་མཚན་ཁོ་ན་ལ་བརྟེན་ནས་བྱུང་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་མི་ནི་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཞུས་ནས་བསྡད་ཡོད་པས་དམག་དོན་གྱི་ནུས་པ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད་ལ། བོད་ནང་དུ་རྒྱ་དམར་གཞུང་གི་དམ་དྲག་དང་སྟངས་འཛིན་འོག་ཡོད་སྟབས་དམག་དོན་གྱི་ནུས་པ་གང་ཡང་མེད་པས། བོད་རང་བཙན་སླར་གསོ་ཡོང་བར་དཀའ་ངལ་ཆེ་ཤོས་གནད་དོན་དེ་ལ་བརྟེན་ནས་བྱུང་ཡོད། བོད་པའི་བསམ་བློ་གཏོང་སྟངས་ལ་བལྟས་ན་འཇབ་དམག་དང་། དྲག་པོའི་སྒྲིག་འཛུགས་བཙུགས་ནས་བོད་རང་བཙན་སླར་གསོ་བྱ་རྒྱུའི་བསམ་བློ་ནི་ད་ཆ་གཏན་ནས་མེད། གལ་སྲིད་མི་རིགས་དང་ཆོས་ལུགས་གཞན་ཞིག་ཡིན་ན་ཐ་ལི་བྷན་གྱིས་འཇབ་རྒོལ་བ་ཆུང་ཆུང་ཞིག་ནས་འགོ་བཙུགས་ཏེ་ད་ཆ་ཨབ་གྷ་ནི་སི་ཐན་དབང་བསྒྱུར་བྱེད་ཐུབ་པ་ལྟ་བུ་རེད།།