འཕྲོད་བསྟེན་ལྷན་ཚོགས་རྒྱ་ནག་ལ་ནད་ཡམས་ཞིབ་འཇུག་ཆེད་དུ་ཕྱིན་པ་རེད་དམ་རྒྱ་ནག་སྐྱོབ་ཆེད་རེད།
རྒྱ་ནག་ཏུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19) ཀྱི་འབྱུང་ཁུངས་རྩད་གཅོད་ཞིབ་འཇུག་བྱེད་དུ་ཕྱིན་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཉམས་ཞིབ་རུ་ཁག་ནས་བཏོན་པའི་སྙན་ཐོ་དེ། རྒྱ་ནག་གཞུང་གིས་ནད་ཡམས་ཐོག་མར་བྱུང་ས་དེ་ས་ཆ་གཞན་ཡིན་པ་ལས། ཝུའུ་ཧན་གྲོང་ཁྱེར་མིན་སྐོར་རྗོད་བཞིན་པ་དེའི་རྒྱབ་རྟེན་ལྟ་བུར་གྱུར་འདུག
ཕྱི་ཟླ་༢ ཚེས་༩ ཉིན་འཛམ་གླིང་འཕྲོད་ལྷན་ཚོགས་ཀྱི་ཉམས་ཞིབ་རུ་ཁག་དང་རྒྱ་ནག་གི་ཆེད་ལས་མཁས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་སྤེལ་བའི་གསར་འགོད་ལྷན་ཚོགས་ཐོག ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་“ནད་འབུ་བརྟག་དཔྱད་ཁང་ནས་ཐོན་པ་ཞིག་མ་ཡིན་”པ་དང་། ད་ནས་བཟུང་ས་ཁུལ་དམིགས་སུ་བཀར་བ་གཅིག་ཙམ་མ་ཡིན་པར་“ལྷོ་ཤར་ཨེ་ཤི་ཡའི་”ནང་དུ་ནད་འབུའི་འབྱུང་ཁུངས་རྩད་གཅོད་ཞིབ་འཇུག་བྱེད་རྒྱུ་ཡིན་སྐོར་བརྗོད་པ་ལས། ནད་ཡམས་ཐོག་མར་འབྱུང་བའི་སྐབས་སུ་ཉེན་བརྡ་གཏོང་མཁན་གྱི་སྨན་པ་དང་། གསར་འགོད་པ་རྣམས་རྒྱ་ནག་གཞུང་གིས་དཀྲོག་གཏམ་སྤེལ་བའི་ཉེས་མིང་གཡོགས་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་ཟུར་ཙམ་ཡང་གླེང་མི་འདུག
ལོ་སྔོན་མའི་ཟླ་༥ པའི་ནང་རྒྱལ་ཁབ་༡༠༠ ལྷག་གིས་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་གང་ཡིན་རང་དབང་ལྡན་པའི་ཞིབ་འཇུག་དགོས་པའི་གྲོས་ཆོད་བཞག་རྗེས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཁས་ལེན་བྱས་ན་ཡང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༡ པོའི་ཚེས་༡༤ བར་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཉམས་ཞིབ་རུ་ཁག་རྒྱ་ནག་ལ་ཡོང་བཅུག་མེད་པ་མ་ཟད། ཆེད་ལས་མི་སྣ་རྣམས་རྒྱ་ནག་ཏུ་འབྱོར་བའི་རྗེས་སུའང་འགྲོ་འདུག་དང་ཞིབ་འཇུག་ཐམས་ཅད་རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་ནས་བྱས་ཡོད་འདུག
ཕྱི་ལོ་༢༠༡༩ ཡི་ལོ་སྨད་ཙམ་ལ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་དུ་འཇིགས་སུ་རུང་བའི་ནད་ཡམས་འདི་ཐོག་མར་ཁྱབ་གདལ་འགྲོ་བའི་སྐབས། རྒྱ་ནག་གིས་ཕྱི་གསལ་ནང་གསལ་གྱིས་བཀག་འགོག་བྱེད་རྒྱུའི་ཚབ་ཏུ་ཉེན་བརྡ་གཏོང་མཁན་རྣམས་འཛིན་བཟུང་དང་བཙོན་འཇུག་བྱས་ཏེ་ནད་ཡམས་འདི་འཛམ་གླིང་ལ་ཁྱབ་ཏུ་བཅུག་རྗེས། ད་ལྟ་རྒྱ་ནག་གི་དཔོན་རིགས་དང་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ལོ་རྒྱུས་ཡོངས་སུ་འགྱུར་བ་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་དང། ཁོ་ཚོས་ནད་འབུ་དེ་གསར་རྙེད་ངོས་འཛིན་བྱེད་ཡུལ་ཝུའུ་ཧན་གྲོང་ཁྱེར་ཡིན་པ་ལས། ཐོག་མའི་འབྱུང་ཁུངས་རྒྱ་ནག་མ་ཡིན་པ་དང་། ནད་འབུ་དེ་དག་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཟ་ཆས་དང་ཅ་དངོས་ཐོག་ཏུ་ཡང་རྙེད་སོན་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་ཏེ་ནད་ཡམས་ཀྱི་འབྱུང་ཁུངས་ལོ་རྒྱུས་ཡོངས་སུ་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཉམས་ཞིབ་རུ་ཁག་གིས་ཐེངས་འདིར་བཏོན་པའི་སྙན་ཐོ་དེ་རྒྱ་ནག་གཞུང་གིས་གང་ཞིག་རྗོད་བཞིན་པའི་རྒྱབ་རྟེན་ལྟ་བུར་གྱུར་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།