ཡུ་རོབ་བོད་ཕྲུག་ཚོར་སྐད་ཡིག་གི་སློབ་དེབ་དགོས་གལ་ཆེེ།

ཟླ་འདིའི་ཚེས་༢༦ ཉིན་ཡུ་རོབ་དགེ་ལས་ཚོགས་ཆེན་ཐེངས་བཞི་པ་དེ། ཡུ་རོབ་དགེ་ལས་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་དགོངས་དོན་བཞིན་བྷེལ་རྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བྷེལ་རྗེམ་གྱི་གྲོང་ཁྱེར་ཨན་ཐྲུ་ཝེར་པེན་ལ་འཚོགས་ཡོད་པ་རེད།

ཡུ་རོབ་དགེ་ལས་ལྷན་ཚོགས་ཐོག་ཧྥ་རིན་སི་དང་བྷེལ་རྗམ་ནས་དགེ་ལས་༢༠ ལྷག་མཉམ་འཛོམས་བྱས་འདུག་པ་དང་། ཚོགས་འདུའི་མཛད་སྒོའི་ཐོག་བྷེལ་རྗམ་དོན་གཅོད་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་གྱིས་གསུང་བཤད་གནང་སྐབས། ཡུ་རོབ་ཁུལ་གྱི་བོད་པའི་རིག་གཞུང་དང་སྐད་ཡིག་སྦྱང་སའི་སློབ་གྲྭ་ཁག་གི་དགེ་ལས་ཡོངས་ལ་ལེགས་སོའི་བསྔགས་བརྗོད་དང་།༸གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་པ་ལྟར།དཔལ་ན་ལན་ཏ་ནས་བརྒྱུད་པའི་ནང་པའི་ཆོས་ཤེས་པ་ལ་བོད་ཡིག་གལ་ཆེན་པོ་ཡིན་པ་དང་།ནང་ཆོས་ཤེས་ན་མི་སྒེར་སོ་སོའི་མི་ཚེ་ལ་ཧ་ཅང་ཕན་ཐོགས་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ་ལྟར། ནང་ཆོས་ངོ་སྤྲོད་ཀྱི་རིམ་པ་ཞིག་སློབ་ཚན་དུ་བཞག་པ་ཡིན་ན་ཧ་ཅང་ལེགས་པོ་ཡོང་ས་རེད་སྙམ། དེེ་བཞིན་ཡོ་རོབ་ཁག་སྤྱི་ཡོངས་ལ་ཁྱབ་པའི་སློབ་དེབ་ཅིག་སྒྲིག་ཐུབ་ན་ཧ་ཅང་ཡག་པོ་ཡོད་སྐོར་གསུངས་སོང་། དེ་བཞིན་བྷེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཚེ་རིང་གིས་མཛད་སྒོའི་གསུང་བཤད་སྐབས། ཡུ་རོབ་དགེ་ལས་ལྷན་ཚོགས་འདི་དངོས་གནས་ཚོགས་འདུ་གལ་ཆེན་པོ་རེད།བོད་མི་རིགས་གནས་མི་གནས་དེ་བོད་ཀྱི་སྐད་ཡིག་ལ་རག་ལས་ཡོད་པ་དང་།གཞིས་བྱེས་གཉིས་སུ།བོད་ཀྱི་སྐད་ཡིག་གི་གནས་སྟངས་ཛ་དྲག་གི་གནས་སྐབས་འདིར། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་སོ་སོ་ནས་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད། ང་ཚོར་བླ་མ་གལ་ཆེན་པོ་ཡོད་རེད། ཁོང་གི་ལམ་སྟོན་འོག་ཤུགས་བརྒྱབ་ན་ང་ཚོར་རེ་བ་ཡོད་རེད།ང་ཚོ་སྦེལ་རྗམ་བོད་རིགས་ཚོགས་པའི་མི་མང་པོ་ཞིག་གིས་རང་དོན་བཞག་ནས་བོད་སྤྱི་བའི་ཐོག་ཕྱག་ལས་གནང་གི་ཡོད་པར།རྗེས་སུ་ཡི་རངས་དང་མུ་མཐུད་ནས་དེ་ལྟར་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

དེ་བཞིན་དགེ་ལས་རྣམས་ཀྱིས་འབྲེལ་ཡོད་བརྗོད་གཞིག་ཁག་གི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། ཡུ་རོབ་དགེ་ལས་ཚོགས་ཆེན་སྐབས་གསུམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་གྲོས་ཆོད་གསར་པ་ཡང་བཞག་ཡོད་པ་རེད།

ཡུ་རོབ་དགེ་ལས་ཚོགས་ཆེན་སྐབས་བཞི་པའི་སྐབས་སུ་བགྲོ་གླེང་དང་གྲོས་ཆོད་ཁག་ཅིག་བྱུང་བའི་ནང་ཉུང་མཐར་རྒྱལ་ཁབ་གཉིས་ནས་འཛིན་གྲྭ་བཞི་པ་དང་ལྔ་པའི་སློབ་མ་གསུམ་ནས་ལྔའི་བར་ཀྱི་ཕ་སྐད་འགྲན་སྡུར་དང་། གཞས་སྣ་གཟིགས་འབུལ་བྱ་རྒྱུ།  ཡུ་རོབ་དགེ་ལས་ཚོགས་ཆེན་སྐབས་ལྔ་པ་དེ་སུད་སི་རུ་འཚོགས་རྒྱུ་དང་སྐབས་དེར་ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས་གདན་ཞུ་དགོས་རྒྱུ། ཕ་མ་ཚོས་བོད་སྐད་ཡིག་གི་སློབ་གསོའི་ལས་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ཕྱོགས་སྐོར་གང་དགོས་ཇི་འགབ་ས་གནས་སོ་སོ་ནས་ལས་འགུལ་སྤེལ་དགོས་པ་སོགས་ཡིན་པ་རེད།
ས་གནས་གསར་འགོད་པ་ནགས་འཕྲན་པ་བསོད་ནམས་ཚེ་རིང་།