ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྐུའི་ཡང་སྲིད་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་འདུག 

རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་བར་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་ནས་མི་ལོ་༥༠ འཁོར་བ་དང་བསྟུན་ནས། ཟླ་བ་འདིའི་ཚེས་༢༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ལྷན་ཚོགས་ཤིག་ཚོགས་འཆར་ཡོད་འདུག་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཚོགས་པ་ཁག་༡༧ གྱིས་མཉམ་འབྲེལ་གྱི་ཐོག་ནས་མཚན་རྟགས་བསྡུ་རུབ་དང་། ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་དང་ལྷན་དུ་ཐུག་འཕྲད་བྱེད་དུས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལངས་ཕྱོགས་གཙོ་བོ་འཛིན་ཐབས་དང་། དེ་བཞིན་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་བོད་མི་ལས་གཞན་སུས་ཀྱང་ཐེ་བྱུས་བྱེད་མི་ཆོག་པའི་སྐོར་གླེང་སློང་ཡོང་རྒྱུའི་འབོད་སྐུལ་ཞུ་ཡིག་གཅིག་ཕུལ་ཡོད་འདུག 

ཕྱི་ཚེས་༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཟླ་བ་འདིའི་ཚེས་༢༤ ཉིན་རྒྱ་ནག་དང་ཡོ་རོབ་གཉིས་བར་ཕྱིའི་འབྲེལ་ལམ་བཙུགས་ནས་མི་ལོ་༥༠ འཁོར་གྱི་ཡོད་འདུག་ཅིང་། ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་དང་རྒྱ་ནག་གི་འགོ་ཁྲིད་ཚོ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ལྷན་ཚོགས་འཚོགས་འཆར་ཡོད་འདུག་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། གཞན་རྒྱལ་སྤྱིའི་ཚོགས་པ་ཁག་བཅས་ཁྱོན་ཚོགས་པ་ཁག་༡༧ གྱིས་མཚན་རྟགས་བསྡུ་རུག་དང་འབོད་སྐུལ་ཞུ་ཡིག་གཅིག་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་(Ursula von der Leyen)་དང་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་(Charles Michel)་གཉིས་ཀྱི་མིང་ཐོག་ཏུ་ཕུལ་ཡོད་འདུག་ཅིང་། ཞུ་ཡིག་དེའི་ནང་དོན་ཚན་ལྔ་ཡོད་འདུག་པ་དང་། གཙོ་བོ་ཐེངས་འདིའི་ལྷན་ཚོགས་ཐོག་ཏུ་རྒྱ་ནག་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་དང་། རྒྱལ་མཚམས་བརྒལ་ནས་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་ནང་ཉེན་ཁ་ཡོང་བཞིན་པའི་སྲིད་བྱུས་དག་མཚམས་འཇོག་བྱེད་དགོས་པའི་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་འདུག་ཅིང་། དེ་བཞིན་འདས་པའི་དུས་ཡུན་ནང་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་གཉིས་བར་ཚོང་འབྲེལ་བཙུགས་ནས་ལོ་ངོ་༥༠ འཁོར་གྱི་ཡོད་པར་བརྟེན། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་གཞི་རྩའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གུ་ཡངས་མེད་པའི་ཐོག་ནས་གླེང་སློང་བྱེད་དགོས་པ་དང་། དམིགས་བསལ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། དེའི་ནང་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་བོད་མི་རྣམས་ལ་རང་དབང་སྤྲོད་དགོས་པའི་སྐོར་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ངོས་ནས་གལ་སྲིད་རྒྱ་ནག་གིས་ཆོས་དད་རང་དབང་རྡོག་རོལ་བཏང་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱས་ཚེ། མ་འོངས་པར་ཚོགས་མི་རྒྱལ་ཁབ་ཚོའི་ངོས་ནས་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག 

འདས་པའི་དུས་ཡུན་ནང་ཡོ་རོབ་ཀྱི་ཚོགས་སྡེ་ཁག་འདྲ་མིན་ནས་བོད་མི་ཚོ་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་བོད་མི་ཚོ་ལ་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པའི་སྐོར་རྒྱབ་སྐྱོར་བྱས་ཡོད་ཅིང་། གཞན་རྒྱལ་ཁབ་སུ་གཅིག་གིས་ཀྱང་ཐེ་བྱུས་བྱེད་མི་ཆོག་པའི་སྐོར་འདི་ལོའི་ཕྱི་ཟླ་༥ ཚེས་༨ ཉིན་ཡོ་རོབ་གྲོས་ཚོགས་ནང་གྲོས་མཐུན་བཞག་ཡོད་པ་དང་། དེ་བཞིན་ཕྱི་ཟླ་༦ ཚེས་༡༣ ཉིན་ཡོ་རོབ་དང་རྒྱ་ནག་གཉིས་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་ཐེངས་༤༠ པའི་ཐོག་བོད་དོན་གླེང་སློང་བྱས་ཡོད་པ་རེད། ཕྱི་ཟླ་༧ ཚེས་༦ དང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཡོ་རོབ་རྒྱལ་ཁབ་ཨེ་སི་ཏོ་ནུ་ཡ་དང་། ཧྥ་རི་སི། ཇར་མན། ཨར་སི་ལན་ཌི ལི་ཐུ་ནི་ཡ། ནེ་ཐར་ལན་ཌི དབྱིན་ཡུལ་བཅས་ཀྱིས་བོད་པའི་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་སྐོར་རྒྱབ་སྐྱོར་དང་། དམིགས་བསལ་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ཚོ་ལ་རང་དབང་དང་ཐོབ་ཐང་ཡོད་པར་རྒྱབ་སྐྱོར་བྱས་ཡོད་སྐོར་གྱི་གནད་དོན་རྣམས་ཞུ་ཡིག་དེའི་ནང་བཀོད་ཡོད་འདུག 

ད་དུང་ཞུ་ཡིག་དེའི་ནང་བོད་ནང་དུ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་དགོས་པ་དང་འབྲེལ། དེའི་ནང་ནས་ཀྱང་ཆབ་སྲིད་བཙོན་པ་བྱ་བྲལ་རིན་པོ་ཆེ་དང་། འབྲུག་གྲགས། སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། བློ་བཟང་དགེ་འཕེལ། བློ་བཟང་མཁས་གྲུབ། སེམས་སྐྱིད་སྒྲོལ་མ། བཀྲ་ཤིས་རྡོ་རྗེ་བཅས་ཀྱི་མིང་བཀོད་ཡོད་འདུག་ལ། ཕྱི་ལོ་༢༠༡༥ ལོར་༧གོང་ས་མཆོག་དགུང་གྲངས་༨༠ ཕེབས་སྐབས་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་པ་གསུམ་གྱིས་ཞི་བའི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུ་དུས་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་དག་གློད་དཀྲོལ་གཏོང་དགོས་པའི་སྐོར་ཞུ་ཡིག་དེའི་ནང་བཀོད་ཡོད་འདུག 

གསར་འགོག་པ། བསོད་ནམས་ཕུན་ཚོགས།