རང་སྲེག་རྒྱ་རྒོལ་བའི་ནང་མི་དང་འབྲེལ་ཡོད་ལ་གཅར་རྡུང་།

ཉག་རོང་ནས་ཡིན་པའི་པདྨ་རྒྱལ་མཚན་གྱིས་དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། ཁོང་ཉེན་རྟོག་པས་འཇུ་བཟུང་དང་། རྗེས་སུ་ཁོང་གི་ནང་མི་དང་འབྲེལ་ཡོད་བཅུ་གྲངས་ཤིག་བཀག་ཉར་བྱས་ཏེ། གཅར་རྡུང་དྲག་པོ་བཏང་རྗེས་གློད་གྲོལ་བཏང་ཡོད་ནའང་། ཁག་ཅིག་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་ཁམས་ཉག་རོང་མཚོ་ཁ་དགོན་པའི་ལྷ་སྡེ་ཕྱ་ཡུལ་གྲོང་པ་ནས་ཡིན་པ་པདྨ་རྒྱལ་མཚན་གྱིས་དཀར་མཛེས་རྫོང་ཐོག་ཏུ། རྒྱ་ནག་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་སྐབས། རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། རང་སྲེག་རྒྱ་རྒོལ་བྱེད་མཁན་པདྨ་རྒྱལ་མཚན་(པད་རྒྱལ)གྱི་ཕ་མིང་ལ་དབང་རྒྱལ་དང་མ་མིང་ལ་ཡུལ་ལྷ་ཟེར་གྱི་ཡོད་པ་དང་། རང་ལོ་༢༤ ཡིན་འདུག

ཟླ་འདིའི་ཚེས་༢༢ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། པདྨ་རྒྱལ་མཚན་གྱི་རང་སྲེག་རྒྱ་རྒོལ་རྗེས། ཉིན་དེའི་དགོང་མོ་ཁོང་གི་ནང་མི་དང་འབྲེལ་ཡོད་བཅུ་གྲངས་ཤིག་དཀར་མཛེས་རྫོང་ཁྲིམས་ཁང་དུ་ཞུ་གཏུག་བྱེད་དུ་ཡོང་སྐབས། ཉེན་རྟོག་པས་བཀག་ཉར་བྱས་ཏེ་གཅར་རྡུང་བྱས་མཐར་གློད་གྲོལ་བཏང་ཡོད་ནའང་། ཁག་ཅིག་ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་འདུག

རང་སྲེག་རྒྱ་རྒོལ་བ་པདྨ་རྒྱལ་མཚན་ཉེན་རྟོག་པས་བཙན་ཁྲིད་བྱས་ནས། སྐུ་གྲོངས་མེད་པ་དང་། སྨན་ཁང་དུ་གཞུང་གིས་ཁོང་གི་ནང་མི་གཉིས་སྐད་བཏང་འདུག གནས་ཚུལ་ཤེས་རྟོག་བྱུང་བ་ལྟར་ན་ཁོང་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་དུ་ཡོད་ཚོད་འདུག་ལ། གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག ད་ལྟའི་ཆར་ས་གནས་སུ་དམ་དྲག་ཡོད་པ་དང་། ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་གཞུང་གིས་རྟོག་ཞིབ་ནན་མོ་བྱེད་ཀྱི་ཡོད་པས། ས་གནས་སུ་འབྲེལ་བ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།