མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་བྷེར་ནཱི་འོས་འགྲན་ནས་ཕྱིར་འཐེན་བྱས་འདུག
ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འགྲན་སྡུར་ནང་ཞུགས་མཁན་ཁྲོད། མི་མང་ཧ་ཅང་མང་པོས་རེ་བ་ཆེན་པོ་བྱེད་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་བྷེར་ནཱི་སན་ཌེར་གྱིས། ད་ལྟའི་ཆར་འོས་གཞིའི་འགྲན་སྡུར་ཐོབ་པའི་རེ་བ་མེད་པ་ཆགས་ཟིན་པས། འགྲན་སྡུར་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཡང་། ཁོང་དང་རུ་ཁག་གིས་འགོ་བཙུགས་པའི་ལས་འགུལ་དེ་མུ་མཐུད་ནས་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
ཟླ་༤ པའིཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་སྤྱི་མཐུན་ཚོགས་པའི་འོས་མི་དེ་ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་ཡིན་པ་གཏན་འཁེལ་ཡིན་པ་དང་། ཚེས་༨ ཉིན་མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞིར་འགྲན་ཞུགས་པ་བྷེར་ནཱི་སན་ཌེར་འགྲན་སྡུར་ནས་ཕྱིར་འཐེན་བྱས་འདུག་པ་དང་། མཐའ་མ་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་དུས་ཡུན་སྐབས་ཀྱི་སྲིད་འཛིན་གཞོན་པ་ཇཱོ་བྷའི་ཌན་མང་གཙོ་ཚཽགས་པའི་སྲིད་འཛིན་འོས་མི་ཆགས་རྒྱུ་གཏན་འཁེལ་རེད་འདུག
དེ་ཡང་ཐོག་མར་ལོ་སྔོན་མར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་དུ་མཉམ་ཞུགས་བྱེད་མཁན་མི་གྲངས་ཉུང་མཐར་༢༧ བྱུང་འདུག་པ་དང་། རྗེས་སུ་བགྲོ་གླེང་དང་མངའ་སྡེ་ཁག་གི་སྔོན་འགྲོའི་འོས་བསྡུ་ལ་བརྟེན་ནས་འོས་མི་མང་པོ་ཞིག་འགྲན་སྡུར་ནས་ཕྱིར་འཐེན་བྱས་ཡོད་པ་དང་། དཔྱད་བརྗོད་པ་དང་སྲིད་དོན་པ་སོགས་མང་པོ་ཞིག་གིས། ཕྱི་ལོ་༢༠༡༦ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱས་ཏེ་མཐའ་མ་དེར་ཕྱིར་འཐེན་བྱེད་དགོས་བྱུང་བའི་གྲོས་ཚོགས་གོང་མའི་འཐུས་མི་བྷེར་ནཱི་སན་ཌར་ལ། ཐེངས་འདིའི་འོས་གཞིའི་འགྲན་སྡུར་ལ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། སྔོན་འགྲོ་འོས་བསྡུ་སྐབས་སུ་རྒྱལ་ཁ་ངེས་པར་དུ་ཐོབ་དགོས་པའི་མངའ་སྡེ་ཁག་ཅིག་གི་ནང་། མི་རིགས་ནག་པོ་འོས་འཕེན་པ་མང་པོ་ཞིག་གིས་ཁོང་ལ་རྒྱབ་སྐྱོར་མ་བྱས་པར་སྲིད་འཛིན་གཞོན་ཟུར་བྷཡི་ཌན་ལ་རྒྱབ་སྐྱོར་བྱས་རྐྱེན། ཁོང་ལ་འོས་ཐོབ་ཡོང་བའི་རེ་བ་མེད་པ་ཆགས་འདུག
དེ་ཡང་བྷེར་ནཱི་ཡིས་འོས་མི་གཞན་དང་མི་འདྲ་བར་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགྲོ་སོང་དེ། ཚོང་ལས་ཁང་ཆེན་པོ་ཁག་ནས་ཞལ་འདེབས་མ་བླངས་པར། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་མི་མང་དཀྱུས་མ་ཚོའི་སར་ནས་དངུལ་འབོར་ཆུང་ཆུང་བླངས་ཡོད་པ་དང་། མི་མང་ས་ཡ་མང་པོས་ཞལ་འདེབས་སྤྲད་ནས་ཁྱོན་བསྡོམས་དངུལ་སྒོར་ཕོན་ཆེན་བྱུང་ཡོད་པ་རེད་ལ། ཁོང་གི་ལས་འགུལ་དེར་བསྟོད་བསྔགས་བྱེད་མཁན་མང་པོ་བྱུང་ཡོད་ཁར། ཉེན་ཁར་འཛིན་མཁན་ཡང་མང་པོ་ཡོད་པ་རེད།
ཁོང་གིས་ཨ་རིའི་ནང་མི་མང་ཚང་མར་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་ཡོད་པ་དང་། གླ་ཆ་ཉུང་ཤོས་ཀྱི་ཚད་གཞི་དེ་སྤར་བ། ཕྱུག་བདག་ཚོར་དཔྱ་ཁྲལ་མཐོ་རུ་གཏོང་བ། མཐོ་སློབ་ཀྱི་སློབ་ཡོན་བུ་ལོན་མེད་པ་བཟོ་བ་སོགས་མི་མང་དཀྱུས་མ་ལ་ཕན་ཐོགས་པའི་སྲིད་བྱུས་མང་པོ་ཞིག་ལ་རྒྱབ་སྐྱོར་དང་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད་དེ། ཁོང་གི་སྲིད་བྱུས་དེ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་ཆེན་པོ་ཡོད་པ་ངོས་འཛིན་གྱིས། བར་མའི་ལྟ་བ་འཛིན་མཁན་མང་པོ་ཞིག་གིས། གལ་ཏེ་བྷེར་ནཱི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཆགས་ཚེ། ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་ཕམ་ཉེས་གཏོང་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག གང་ལྟར་ཁོང་གི་སྲིད་བྱུས་ལ་ལོ་གཞོན་པའི་ནང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཡོད་འདུག་ཀྱང་། ལོ་གཞོན་པའི་འོས་ཤོག་ཁོ་ནར་བརྟེན་ནས་ཁོང་ལ་རྒྱལ་ཁ་ཐོབ་མེད་པ་རེད།
རང་ལོ་༧༧ ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷེར་ནི་སན་ཌེར་(Bernie Sanders)ནི་ལོ་ངོ་༡༦ རིང་གྲོས་ཚོགས་འོག་མའི་འཐུས་མི་ཡིན་པ་དང་། ཕྱི་ལོ་༢༠༠༦ ལོ་ནས་ད་བར་གྲོས་ཚོགས་གོང་མའི་འཐུས་མི་བྱེད་མུས་རེད། ཁོང་ཕྱི་ལོ་༢༠༡༦ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་ཁྲོད་ཨང་རིམ་གཉིས་པ་ཐོབ་ཡོད་པ་དང་ཐེངས་འདིར་ཡང་ཨང་གཉིས་པ་ཆགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
