རྒྱ་གཞུང་གིས་ཨ་རིའི་འགོག་སྲུང་བཟོ་ཚོང་ཁང་ལྔ་ལ་ཉེས་ཆད་འགེལ་རྒྱུ་ཡིན་པར་བརྗོད།
ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་གི་ཡོད་པར་བརྟེན། རྒྱ་གཞུང་གིས་ཨ་རིའི་འགོག་སྲུང་བཟོ་ཚོང་ལྔ་ལ་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་གི་ཡོད་པར་བརྟེན། ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ལྔ་ལ་ཉེས་ཆད་འགེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག གསལ་བསྒྲགས་ཀྱི་ནང་དུ་རྒྱ་ནག་ཏུ་ཡོད་པའི་བཟོ་ཚོང་ཁང་དེ་དག་གི་རྒྱུ་ནོར་བཀག་སྡོམ་བྱེད་རྒྱུ་དང་བཟོ་ཚོང་ཁང་དེ་དག་དང་འབྲེལ་བའི་མི་སྒེར་དང་ཚོགས་པ་ཁག་གིས་རྒྱ་ནག་ཏུ་ཚོང་ལས་གཉེར་མི་ཆོག་པ་བཟོས་ཡོད་པར་བཀོད་ཡོད་འདུག
རྒྱ་ནག་གཞུང་གིས་གསལ་བསྒྲགས་དེ་ཟླ་འདིའི་ཚེས་༡༣ ཉིན་ཐའེ་ཝན་ནང་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་འདེམས་མ་ཡོང་བའི་སྔ་རོལ་དུ་སྤེལ་བ་ཞིག་ཆགས་ཡོད་འདུག ཐའེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་ཀྱིས་རྒྱ་ནག་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ལ་འགྲེལ་བརྗོད་གསར་པ་ཞིག་བྱེད་སྲིད་པས་ཐའེ་ཝན་གྱི་འོས་བསྡུ་མ་བསླེབས་གོང་ཡུལ་དེར་རྒྱ་ནག་གི་གནོན་ཤུགས་ཇེ་ཆེ་རུ་འགྲོ་བཞིན་ཡོད་འདུག
ཨ་རིས་ཐའེ་ཝན་ལ་མཚོན་ཆ་བཙོངས་པ་ནི་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བའི་རྒྱུ་རྐྱེན་ཞིག་ལ་རྩི་བཞིན་ཡོད་འདུག ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་$༣༠༠ ཡི་གོ་མཚོན་བཙོང་རྒྱུའི་བཀའ་འཁྲོལ་སྤྲད་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་ཨ་རིའི་བྱེད་སྟངས་དེས་རྒྱ་ནག་གི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་མ་ཟད། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལའང་གཏོར་བཤིག་བཏང་བ་རེད་ཅེས་བརྗོད་འདུག
ཞི་ཅིན་ཕིང་གིས་ཕྱི་ལོ་༢༠༢༤ ལོའི་ལོ་གསར་གྱི་གཏམ་བཤད་བྱེད་སྐབས་ཐའེ་ཝན་ནི་རྒྱ་ནག་སྐམ་ས་དང་ཟླ་སྒྲིལ་ཡོང་རྒྱུའི་ཐོག་སྔར་ལས་ལྷག་པ་ནན་བརྗོད་བྱས་ཡོད་འདུག
ཐེངས་འདིའི་རྒྱ་ནག་གིས་ཉེས་ཆད་བཀལ་བའི་ཨ་རིའི་འགོག་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ལྔ་པོ་ནི་དབྱིན་ཡིག་ཏུ་(BAE Systems Land and Armament, Alliant Techsystems Operation, AeroVironment, ViaSat and Data Link Solutions) བཅས་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།