རྒྱ་གར་གྱི་མཁའ་མཚོ་ས་གསུམ་གྱི་དམག་དཔོན་ཟུར་པ་གསུམ་ཐེ་ཝན་གྱི་ལྷན་ཚོགས་སུ་ཞུགས།
ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དམག་མིའི་འགོ་ཁྲིད་ཟུར་པ་གསུམ་ཐེ་ཝན་གྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་ཐོག་ཏུ་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་ལ་བརྟེན་ནས་རྒྱ་གར་དང་ཐེ་ཝན་གྱི་འབྲེལ་བ་ཡག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༨ ཉིན་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ལ་དམིགས་ནས་བདེ་འཇགས་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེའི་ལྷན་ཚོགས་ཀྱི་ཐོག་ཏུ་རྒྱལ་ཁབ་ཁག་༡༢ ་ནས་ཆབ་སྲིད་པ་དང་ཤེས་ལྡན་པ་སོགས་ཕེབས་ཡོད་པ་མ་ཟད། ལྷན་ཚོགས་ཐོག་རྒྱ་གར་གྱི་དམག་དཔོན་ཟུར་པ་(Manoj Naravane) ་དང་མཚོ་དམག་གི་དམག་དཔོན་ཟུར་པ་(Admiral Karambir Singh) དང་དེ་བཞིན་གནམ་དམག་གི་དམག་དཔོན་ཟུར་པ་(Marshal RKS Bhadauria) བཅས་མཉམ་ཞུགས་གནང་ཡོད་འདུག
རྒྱ་གར་གྱི་(India Today) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དམག་དཔོན་ཟུར་པ་ཁོང་གསུམ་གྱིས་ཐེ་ཝན་གྱི་འགོ་ཁྲིད་ཁག་ཅིག་ལ་ཐུག་འཕྲད་གནང་ནས་གཞུང་འབྲེལ་མ་ཡིན་པའི་ཐོག་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ལངས་ཕྱོགས་འཛིན་སྟངས་འགྲེལ་བརྗོད་བྱེད་རྒྱུ་ཡིན་པའི་སྐོར་དང། ཁོང་གསུམ་ནི་གཞུང་འབྲེལ་མིན་པའི་ཐོག་ལྷན་ཚོགས་ལ་མཉམ་ཞུགས་གནང་བ་ཞིག་ཆགས་ཡོད་འདུག

ད་ལྟའི་ཆར་རྒྱ་གར་དང་ཐེ་ཝན་གཉིས་ལ་རྒྱ་ནག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གར་དང་ཐེ་ཝན་གཉིས་ཀྱི་བར་ཐབས་བྱུས་མཉམ་ལས་བྱེད་རྒྱུའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་དང་ཐེ་ཝན་བར་དཔལ་འབྱོར་དང་རིག་གཞུང་ཐོག་ལ་ཡང་མཉམ་ལས་བྱེད་རྒྱུའི་འབད་བརྩོོན་བྱེད་བཞིན་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་གལ་སྲིད་རྒྱ་ནག་དང་ཐེ་ཝན་གཉིས་དམག་འཁྲུག་གི་ནང་ཞུགས་ཚེ། རྒྱ་གར་དང་རྒྱ་གར་གྱི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
ཕྱི་ལོ་༡༩༥༠ ལོར་རྒྱ་གར་གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཕྱི་འབྲེལ་བཙུགས་ནས་བཟུང་རྒྱ་གར་གྱིས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་ཐོག་འབྲེལ་བ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༡༩༩༥ ་ལོར་ཐེ་ཝན་དང་རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ས་ཐོག་ཏུ་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་རེ་འཛུགས་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག
རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཁས་ལེན་བྱེད་བཞིན་ཡོད་ན་ཡང་། རྒྱ་གར་དང་ཐེ་ཝན་བར་གྱི་འབྲེལ་བ་ལ་ཡང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༤ ལོར་རྒྱ་གར་གྱི་སྲིད་བློན་མུ་དྷིའི་དམ་འབུལ་མཛད་སྒོའི་སྐབས་སུ་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོར་ཐེ་ཝན་གྱི་ཚོང་དོན་སྐུ་ཚབ་རྒྱ་གར་དུ་ཕེབས། ཕྱི་ལོ་༢༠༢༣ ལོར་རྒྱ་གར་གྱི་ཚོང་གི་ལྟེ་གནས་སུ་གྱུར་པའི་གྲོང་ཁྱེར་མོམ་བྷེ་ལ་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་ལྟེ་གནས་ཁང་གསུམ་པ་ཞིག་གསར་འཛུགས་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག
ཐེ་ཝན་ནི་རྒྱལ་སྤྱིའི་ཐོག་ཉེ་བའི་རྒྱུད་རྫས་(semiconductors) ཡག་ཤོས་དང་མང་ཤོས་བཟོ་སྐྲུན་བྱེད་མཁན་དེ་ཆགས་ཡོད་པ་དང་། མ་འོངས་པར་རྒྱ་གར་ནི་ཉེ་བའི་རྒྱུད་རྫས་བཟོ་སྐྲུན་བྱེད་མཁན་ཞིག་ཆགས་པར་ཐེ་ཝན་གྱི་རོགས་རམ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་འདུག ལྷག་པར་དུ་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་བར་དམག་འཁྲུག་ལངས་ཚེ། ཡུག་རེན་གྱི་དམག་འཁྲུག་དང་མི་འདྲ་བར། རྒྱ་གར་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་། སྐབས་དེར་རྒྱ་གར་གྱི་ཕྱོགས་ནས་ཐག་གཅོད་ཆེན་པོ་ཞིག་བྱེད་དགོས་འཁེལ་སྲིད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
