རྒྱ་གར་ནང་མཁལ་མ་ནག་ཚོང་བྱེད་མཁན་འཇུ་བཟུང་།

རྒྱ་གར་ཉེན་རྟོག་པས་མཁལ་མ་ནག་ཚོང་རྒྱག་མཁན་གྱི་མི་ཁག་ཅིག་འཇུ་བཟུང་བྱས་ཡོད་པ་དང། དེ་ལས་རྒྱ་གར་ནང་མཁལ་མའི་ནག་ཚོང་གི་ཁྱབ་ཆེ་ཆུང་ཇི་འདྲ་ཡོད་མེད་གསལ་པོ་བྱུང་ཡོད་འདུག

དེ་ཡང་ཐོག་མར་ཟླ་འདིའི་ཚེས་༢ ཉིན་ལྡི་ལིའི་ཉེན་རྟོག་པས། ནག་ཚོང་པ་མི་༥ འཇུ་བཟུང་བྱས་ཡོད་པ་དང། དེ་དག་ལས་མི་གཉིས་ནི་རྒྱ་གར་ནང་སྐད་གྲགས་ཆེ་བའི་ཨེ་པོ་ལོ་སྨན་ཁང་གི་ལས་བྱེད་ཡིན་འདུག དེ་བཞིན་ཟླ་འདིའི་ཚེས་༧ ཉིན་མཁལ་མ་ནག་ཚོང་གི་མགོ་དཔོན་རའུ་རྒྱ་གར་ཀོ་ལི་ཀ་ཏ་ནས་འཇུ་བཟུང་བྱས་ཡོད་འདུག ཉིན་དེར་ཉེན་རྟོག་པས་ལྡི་ལི་ནས་མཁལ་མ་ཞལ་འདེབས་བྱེད་མཁན་མི་༣ འཇུ་བཟུང་བྱས་ཡོད་པས། དེ་ཚོས་ཁོང་ཚོར་མགོ་སྐོར་འོག་རང་ཉིད་ཀྱི་མཁལ་མ་ཧིན་སྒོར་འབུམ་༣ ཙམ་ལ་བཙོང་དུ་བཅུག་སྐོར་བཤད་ཡོད་འདུག དེ་བཞིན་ནག་ཚོང་པ་ཚོས། མཁལ་མ་ཞལ་འདེབས་བྱེད་མཁན་དང། ཉོ་མཁན་གཉིས་སྤུན་མཆེད་ཡིན་པའི་ཡིག་ཆ་ཡང་རྫུན་མ་བཟོས་ནས། ཁྲིམས་འོག་ནས་ད་བར་ཐར་ཡོད་འདུག

ཉེན་རྟོག་པས་ཨེ་པོ་ལོ་སྨན་ཁང་གི་སྨན་པ་༡༠ ཙམ་ལ་དོགས་འདྲི་བྱེད་བཞིན་ཡོད་འདུག་པ་དང་། སྨན་ཁང་གི་འབྲེལ་ཡོད་ལས་བྱེད་ཀྱིས་སྨན་ཁང་གི་འགོ་ཁྲིད་ཚོས་ནག་ཚོང་གི་བྱེད་ལས་དེའི་སྐོར་ཤེས་རྟོགས་མེད་ཚུལ་བརྗོད་ཡོད་འདུག་ཀྱང། མགོ་སྐོར་འོག་ཚུད་མཁན་གྱི་ནང་མི་ཚོས་ཁྲིམས་འགལ་གྱི་བྱ་སྤྱོད་ཁྱབ་ཆེན་དེ་འདྲ་ཞིག་ནང། སྨན་ཁང་གི་འགོ་ཁྲིད་མཉམ་ཞུགས་བྱས་ཡོད་པར་ཐེ་ཚོམ་མེད་སྐོར་བརྗོད་ཡོད་འདུག

དེ་བཞིན་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བ་ཞིག་ལ། ནག་ཚོང་རྒྱག་མཁན་ཚོས་མཁལ་མ་བཙོང་མཁན་དང་ཉོ་མཁན་རྣམས། ཕྱིའི་རྒྱལ་ཁབ་ཁག་ལ་འཆམ་འཆམ་དུ་ཁྲིད་ནས། མཁལ་མ་བརྗེ་ལེན་བྱེད་ཀྱི་ཡོད་པས། ད་བར་རྒྱ་གར་གྱི་ཁྲིམས་ཐོག་ལས་ཐར་བ་ཡིན་འདུག

རྒྱ་གར་ནང་གཅིན་སྙི་དང། མཁལ་མ་དང་འབྲེལ་བའི་ནད་པ་ཤིན་ཏུ་མང་པོ་ཡོད་པས། ལོ་རེེར་མཁལ་མ་དགོས་མཁན་འབུམ་༢ ཙམ་ཡོད་ཀྱང་། དེའི་ནང་ནས་བརྒྱ་ཆ་༣ ཙམ་ལ་མ་གཏོགས་མཁལ་མ་རག་གི་མེད་པ་རེད། ནག་ཚོང་གི་ཁྲོམ་རར་རིན་གོང་ཤིན་ཏུ་ཆེན་པོ་ཆགས་ཀྱི་ཡོད་པས། མི་སྐྱོ་པོ་མང་པོ་ཞིག་གི་མཁལ་མ་མགོ་སྐོར་འོག་བཏོན་པའི་གནས་ཚུལ་ཤིན་ཏུ་མང་པོ་ཡོང་གི་ཡོད་འདུག་ལ། དེ་བཞིན་བུ་ལོན་འཇལ་ཆེད་དུ། མཁལ་མ་དང་བླངས་ཐོག་བཙོང་མཁན་ཡང་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།