རྒྱ་ནག་གི་ཏོག་དབྱིབས་ནད་འབུ་ཁ་པར་གྱི་འཆར་ངོས་སུ་ཉིན་༢༨ ལ་གནས་ཀྱི་འདུག 

དེ་རིང་སྟེ་ཕྱི་ཟླ་༡༠ ཚེས་༡༢ རེས་གཟའ་ཟླ་བའི་ཉིན་ཨོ་སི་ཁྲུ་ལི་ཡའི་ཉམས་ཞིབ་ཁང་ཞིག་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་ཤོག་དངུལ་དང་། ཤེལ་སྒོ། དྲི་ནག་མི་འགོ་བའི་ལྕགས་རིགས་(Stainless steel) བཅས་ཀྱི་ངོས་སུ་ཉིན་གྲངས་༢༨ ཙམ་གནས་ཐུབ་ཀྱི་འདུག་པས། ཁ་པར་གྱི་འཆར་ཡོལ་གྱིས་མཚོན་པའི་རྟག་ཏུ་ལག་གིས་རེག་པའི་ཅ་དངོས་རྣམས་ཡང་ཡང་གཙང་མ་བཟོ་རྒྱུ་དང་། གོ་སྐབས་ནམ་བྱུང་ལ་ལག་པ་འཁྲུད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་ངེས་ཤེས་འཕར་མ་བྱུང་འདུག

ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་ཚན་རྩལ་ཁང་(Australia’s science agency) གིས་ཞིབ་འཇུག་བྱས་པའི་གྲུབ་དོན་ནང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་ཁོར་ཡུག་གཅིག་ཏུ་ཉིན་༢༨ ཙམ་གནས་ཐུབ་པ་ཤེས་རྟོགས་བྱུང་འདུག་ཅིང་། དེ་ནི་ད་བར་ཉམས་ཞིབ་པ་གཞན་རྣམས་ཀྱིས་ཤེས་རྟོགས་བྱུང་བ་ནས་རིང་བ་ཆགས་ཡོད་འདུག 

ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་ཚན་རྩལ་ཁང་གི་ཞིབ་འཇུག་པ་ཚོས། ཚ་ཚད་༢༠ (20 degrees Celsius)ཙམ་གྱི་ནང་ནད་འབུ་(the SARS-COV-2 virus) དེ་སྒོར་མོ་དང་། ཁ་པར་གྱི་འཆར་ཡོལ་ལྟ་བུའི་ཤེལ་སྒོའི་ངོས་སུ་ཉིན་གྲངས་༢༨ ལ་འཚོ་གནས་ཐུབ་པ་གསར་རྙེད་བྱུང་འདུག 

ཞིབ་འཇུག་དེའི་འགོ་འཁྲིད་མཁན་ཤཱན-རེ་ཌལ་(Shane Riddell)གྱིས་“གནས་ཚུལ་འདིས་ལག་པ་འཁྲུད་རྒྱུ་དང་། ནད་འབུ་ཡོད་སྲིད་པའི་ཅ་དངོས་དག་གི་ངོས་སུ་གཙང་བཟོ་དང་། ཕྱིས་བརྡར་གཏོང་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་བསྐྱར་དུ་ནན་བརྗོད་བྱེད་ཀྱི་ཡོད་”ཅེས་སྨྲས་འདུག 

ཉམས་ཞིབ་ཁང་དེས་ཚ་ཚད་༢༠ ནས་༤༠ བར་དུ་ནད་འབུ་དེ་ཇི་ཙམ་གནས་ཐུབ་མིན་གྱི་ཚོད་ལྟ་སྣ་ཚོགས་བྱས་འདུག་པ་ལས། ནད་འབུ་དེ་ཚ་བ་ལས་གྲང་བའི་ནང་དུ་རྒྱུན་རིང་བ་གནས་ཐུབ་པ་དང་། སྲིང་བལ་ལྟ་བུའི་ངོས་རྩུབ་པོ་ལས་འཇམ་པོའི་ཐོག་ཏུ་ཡུན་རིང་བ་འཚོ་ཐུབ་པ། ད་དུང་འགྱིག་གི་སྒོར་མོ་ལས་ཤོག་བུའི་སྒོར་མོའི་ངོས་སུ་ཡུན་རིང་བ་གནས་ཐུབ་པ་སོགས་ཤེས་རྟོགས་བྱུང་འདུག 

ཉི་འོད་ཐད་ཀར་ཕོག་པ་ཡིས་ནད་འབུ་གསོད་ཐུབ་པས། ཚན་རྩལ་ཁང་གིས་ཚོད་ལྟ་ཡོངས་རྫོགས་མུན་ནག་ནང་དུ་བྱས་འདུག  

མི་རེ་རེའི་ལས་ཁམས་མི་འདྲ་བར་བརྟེན་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་ནད་རྟགས་སྣ་ཚོགས་ཡོད་འདུག་ཀྱང་གཙོ་བོ་གསུམ་ནི། ཚ་བ་རྒྱས་ནས་དཀའ་ལས་ཁག་པ་དང་། གློ་ཡུན་རིང་རྒྱག་པ། ཟས་ཀྱི་བྲོ་བ་དང་དྲི་མ་ཚོར་མི་ཐུབ་པ་བཅས་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།