རྒྱ་ནག་གིས་དཔལ་འབྱོར་ཉེས་ཆད་ཀྱི་ཉེན་ཁ་ལ་མ་འཛེམས་པར་ཨུ་རུ་སུ་ལ་མཚོན་ཆ་མཁོ་སྤྲོད་བྱེད་དོན་ཅི་ཡིན་ནམ།
གལ་སྲིད་ཨུ་རུ་སུ་འཐོར་ཞིག་ཏུ་སོང་ཚེ། ནུབ་ཕྱོགས་རྒྱལ་ཁབ་ཚོས་རང་ཉིད་ཀྱི་ཐོན་ཁུངས་སྲ་བརྟན་དུ་བཏང་ནས་རྒྱ་ནག་གི་འཇིགས་སྐུལ་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ་རྒྱ་ནག་གིས་ཤེས་རྟོགས་བྱུང་ཡོད།
ཕྱི་ཟླ་༤ ཚེས་༢༠ ཉིན་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་ཚོས་ཨི་ཊ་ལི་ལ་ལྷན་ཚོགས་ཤིག་འཚོགས་སྐབས། ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ནི་ཨུ་རུ་སུ་ལ་གོ་མཚོན་དང་འབྲེལ་བའི་འཕྲུལ་ཆས་རིགས་མཁོ་འདོན་བྱེད་མཁན་གཙོ་བོ་དེ་ཡིན་པ་དང་། རྒྱ་ནག་གིས་གྲང་དམག་མཚམས་བཞག་པ་ནས་བཟུང་ཡུ་རོབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་གཏོང་གི་འདུག་ཅེས་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་ཁོང་ཉིད་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་སྐབས། གནས་ཚུལ་སྔར་ལས་ཞིབ་ཕྲ་བརྗོད་ཡོད་འདུག

ཨུ་རུ་སུས་ཡུག་རེན་ལ་དམག་རྒྱག་བཞིན་པའི་དུས་སྐབས་སུ། ཨ་རིའི་རེ་བ་ལྟར་རྒྱ་ནག་གིས་ཨུ་རུ་སུ་ལ་མཚོན་ཆ་མི་འཚོང་ན་ཡང་། དམག་དོན་ལ་བེད་སྤྱོད་གཏོང་ཆོག་པའི་ཅ་དངོས་ཌོ་རོན་དང་རྨོག་ཞྭ། རླུང་འཕྲིན་སོགས་ཧ་ཅང་ཕོན་ཆེན་བཙོངས་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཐོག་ཨ་རིའི་ཉེས་ཆད་ཀྱིས་དཀའ་ངལ་ཇེ་སྡུག་ཏུ་གཏོང་ཉེན་ཡོད་ཀྱང་། རྒྱ་ནག་གིས་ཨུ་རུ་སུ་ལ་རོགས་སྐྱོར་ཤུགས་ཆེན་བྱེད་དོན་ཅི་ཡིན་ནམ། ཚིག་གཅིག་གིས་བཤད་ན། གསོན་པོར་གནས་རྒྱུ་དེ་རེད།
རྒྱ་ནག་ལ་མཐུན་གྲོགས་རྒྱལ་ཁབ་ཚོ་དགོས་ཀྱི་ཡོད།
རྒྱ་གཞུང་གིས་གལ་སྲིད་ཨ་རིའི་དབང་ཆ་སྒེར་སྡོམ་(monopoly on power)་གཏོར་འདོད་ཡོད་ན། རང་ཉིད་གཅིག་པུས་སྒྲུབ་མི་ཐུབ་པ་ཤེས་ཀྱི་ཡོད་པ་དང་། ཨ་རིའི་དབང་སྒྱུར་འོག་གི་རྒྱལ་སྤྱིའི་ལམ་ལུགས་ལ་སྒྱུར་བཅོས་གཏོང་བར་ཨུ་རུ་སུའི་སྟོབས་ཤུགས་དགོས་ཀྱི་ཡོད་པ་མ་ཟད། རྒྱ་ནག་ཡུན་རིང་གནས་ཐུབ་པར་ཨུ་རུ་སུ་དགོས་ཀྱི་ཡོད་རེད།
རྒྱ་ནག་ལ་”མཆུ་ཏོ་མེད་པ་ཆགས་ན། སོ་ཡིས་གྲང་ངར་ཚོར་གྱི་རེད”་ཅེས་པའི་གྲགས་ཆེན་གཏམ་དཔེ་ཞིག་ཡོད་རེད། དེའི་གོ་དོན་ནི། གནད་དོན་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་དུས། གཅིག་ཤོས་དེ་ཤོར་ན་གཞན་དེར་ཤུགས་རྐྱེན་ཐེབས་ཀྱི་རེད་ཅེས་པའི་དོན་རེད། ད་ལྟའི་ཆར་ནུབ་ཕྱོགས་ཀྱིས་ཨུ་རུ་སུ་ལ་ཁ་གཏད་གཅོག་གི་ཡོད། གལ་སྲིད་ཨུ་རུ་སུ་ལ་ཕམ་ཉེས་བྱུང་ན། ནུབ་ཕྱོགས་རྒྱལ་ཁབ་ཚོས་རང་ཉིད་ཀྱི་ཐོན་ཁུངས་སྲ་བརྟན་དུ་བཏང་ནས་རྒྱ་ནག་གི་འཇིགས་སྐུལ་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ་རྒྱ་ནག་གིས་ཤེས་རྟོགས་བྱུང་ཡོད། དེར་བརྟེན། རྒྱ་ནག་གིས་ངེས་པར་དུ་ཨུ་རུ་སུ་ལ་རོགས་སྐྱོར་བྱེད་དགོས་རེད།
ད་ལྟའི་ཆར་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་མཛའ་འབྲེལ་ཉེ་བོ་ཡོད་པ་དང་། ཕྱི་ལོ་༢༠༢༢ ཟླ་༢ ཚེས་༤ ཉིན་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་མཛའ་འབྲེལ་ལ་ཚད་བཀག་མེད་ཅེས་དང་མཉམ་ལས་ཀྱི་ཁྱབ་ཁོངས་སུ་བཀག་སྡོམ་བྱེད་དགོས་པ་མེད་ཅེས་བརྗོད་ཡོད། གསལ་བསྒྲགས་དེའི་ཐོག་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཉེ་བོ་ཡོད་པ་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད།
ཡིན་ཡང་། དོན་དངོས་ཤིག་ཐད་ཀར་བཤད་ན། འདས་པའི་ལོ་རྒྱུས་ཁྲོད་རྒྱ་ནག་དང་ཨུ་རུ་སུའི་བར་དམར་པོའི་རིང་ལུགས་ཀྱི་ལྟ་བའི་ཐོག་དང་ས་མཚམས་ཀྱི་རྩོད་རྙོག་བྱུང་མྱོང་ཡོད་པས་རྒྱ་ནག་དང་ཨུ་རུ་སུའི་མཛའ་འབྲེལ་དེ་སྔ་མོ་ནས་བཟང་པོ་ཞིག་ཡོད་པ་མ་རེད། དེ་སྔ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཛ་དྲག་ཏུ་གྱུར་ཏེ་ཕྱི་ལོ་༡༩༦༡ ལོར་དངོས་སུ་མནའ་འབྲེལ་བཅད་པ་དང་། ཕྱིས་སུ་རྒྱ་ནག་བྱང་ཤར་དང་ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་རྒྱ་དམག་དང་ཨུ་རུ་སུའི་དམག་མིའི་བར་གདོང་ཐུག་བྱུང་ཡོད།
རྒྱ་ནག་དང་ཨུ་རུ་སུའི་ཕྱོགས་གཉིས་ཀས་ཕན་ཚུན་ལ་ཡིད་ཆེས་མེད་པ་དང་རྒྱ་ནག་གི་ཆེད་མཁས་མི་སྣས་ཨུ་རུ་སུས་ཕྱོགས་གཉིས་ཀྱི་འབྲེལ་བ་ལས་རང་ཉིད་ཀྱི་ཁེ་ཕན་གལ་ཆེན་དུ་འཛིན་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། དཔེར་ན། གལ་སྲིད་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ། ཨ་རིས་ཡུག་རེན་ལ་རྒྱབ་སྐྱོར་ཉུང་དུ་གཏོང་བ་དང་ཨུ་རུ་སུ་དང་འབྲེལ་ལམ་ཡག་ཏུ་གཏོང་སྲིད་པ་རེད། གནས་སྟངས་དེ་འདྲའི་འོག ཨུ་རུ་སུས་ནུབ་ཕྱོགས་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུ་གཙིགས་ཆེན་དུ་བཟུང་ནས་རྒྱ་ནག་གིས་ཨ་རི་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱེད་སྲིད།
ཕྱི་ལོ་༢༠༢༤ ཟླ་༤ ་ཚེས་༡༣ ་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་གསུམ་པ་ཀྲའོ་ལེ་ཇེས་ཟེར་བ་དེ་བྱང་ཀོ་རི་ཡ་ལ་གཞུང་འབྲེལ་གྱི་འཚམས་འདྲི་ཕྱིན་ཡོད། རྒྱ་ནག་གིས་ཨུ་རུ་སུ་ལ་ཡིད་ཆེས་མེད་པ་དང་རང་ཉིད་ཀྱི་འཚོ་གནས་ལ་སེམས་ཁྲལ་བྱས་པ་དེས་འཚམས་གཟིགས་དེར་སྐུལ་འདེད་བྱས་ཡོད་སྲིད། བྱང་ཀོ་རི་ཡའི་སྲིད་འཛིན་དང་ཐུག་འཕྲད་བྱེད་སྐབས། ཀྲའོ་ལེ་ཇེས་ཡིས་ཚོགས་འདུའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་དུ་གཏན་འབེབས་བྱེད་རྒྱུ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པར་བཤད།
ཀྲའོ་ལེ་ཇེས་ཀྱི་འཚམས་གཟིགས་ཀྱི་དུས་ཚོད་ནི་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་འབྲེལ་ལམ་གོང་དུ་འཕེལ་བཞིན་པའི་དུས་སུ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུས་ཡུག་རེན་ལ་ཁ་གཏད་གཅོག་ཆེད་བྱང་ཀོ་རི་ཡ་ནས་གོ་མཚོན་འབོར་ཆེན་ཉོ་བཞིན་ཡོད། གནས་དོན་དེ་ཡིས་བྱང་ཀོ་རི་ཡ་དང་ཨུ་རུ་སུའི་འབྲེལ་ལམ་ཉེ་རུ་གཏོང་གི་རེད། དོན་དངོས་ཐོག་བྱང་ཀོ་རི་ཡས་སྔར་སྲོལ་བཞིན་ཨུ་རུ་སུ་དང་རྒྱ་ནག་གི་འགྲན་རྩོད་བཀོལ་སྤྱོད་བྱས་ནས་རང་ཉིད་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད།
རྒྱ་ནག་གི་བདེ་འཇགས་ཀྱི་ཉེན་ཁ་དེ་བྱང་ཀོ་རི་ཡས་རྒྱ་ནག་ལ་བརྟེན་པར་རག་ལས་ཡོད་པས། རྒྱ་གཞུང་གིས་བྱང་ཀོ་རི་ཡ་ལ་ཐེབས་པའི་ཤུགས་རྐྱེན་དེ་ཨ་རི་དང་ཨུ་རུ་སུ་བཅས་ལ་ཤོར་དུ་འཇུག་འདོད་མེད།
བྱང་ཀོ་རི་ཡའི་འཇིགས་སྐུལ།
འཇིགས་སྣང་དེ་གཞི་འཛིན་ས་མེད་པ་ཞིག་མ་རེད། བྱང་ཀོ་རི་ཡས་རྒྱ་ནག་དང་རྒྱབ་འགལ་བྱས་པའི་ལོ་རྒྱུས་ཡོད། ཁ་གཏད་བཅགས་པའི་རྣམ་པ་ནི་རྒྱ་ནག་ལ་དགའ་ཞེན་ཆེ་བའི་ཀེམ་ཇོན་ཨན་གྱི་ཞང་པོ་དམར་གསོད་བཏང་བ་དང་། མ་ལེ་ཤེ་ཡ་ལ་ཀེམ་ཇོན་ནམ་(Kim Jong Nam) ་ལྐོག་གསོད་བྱས་པ། ཡང་ན། བྱང་ཀོ་རི་ཡས་གོ་མཚོན་ཤུགས་ཆེན་ཚོད་ལྟ་བྱེད་བཞིན་ཡོད་པ་བཅས་རེད།
དེ་ལས་གལ་འགངས་ཆེ་བ་ཞིག་ནི། རྒྱ་ནག་གིས་གལ་སྲིད་བྱང་ཀོ་རི་ཡ་ནི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཡོད་ཚད་ལྡན་པའི་རྒྱལ་ཁབ་གཅིག་ཏུ་གྱུར་ཚེ། ཐ་ན་རྒྱ་ནག་གི་ས་ཐོག་ལ་ཡང་རྡུལ་ཕྲན་མཚོན་ཆ་འཕེན་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད།
རྒྱ་ནག་དང་བྱང་ཀོ་རི་ཡའི་བར་ཕྱི་ལོ་༡༩༦༡ ལོར་སྲུང་སྐྱོབ་དང་མཉམ་ལས་ཀྱི་ཆིངས་ཡིག་གཅིག་བཞག་ནས་ཕྱི་ལོ་༢༠༢༡ ལོར་བསྐྱར་དུ་དུས་འགྱངས་བྱས་ཡོད་པར་བརྟེན། སྐད་ཆ་དེ་ཡ་མ་ཟུང་ཞིག་ཏུ་སྣང་ཡང་། མཛའ་བརྩེའི་རྣམ་པའི་འོག་ཏུ་དུས་རབས་མང་པོའི་རིང་ལ་རུལ་སུངས་སུ་གྱུར་པའི་ཞེ་འཁོན་གཏིང་ཟབ་ཅིག་ལྷག་ཡོད་རེད།
ཀོ་རི་ཡ་ནི་རྒྱ་ནག་གོང་མ་ལ་འབུལ་རྟེན་འབུལ་མཁན་གྱི་རྒྱལ་ཁབ་གཅིག་ཡིན་རུང་། ཀོ་རི་ཡའི་དམག་འཁྲུག་གི་སྐབས་སུ་རྒྱ་ནག་གིས་ཐེ་གཏོགས་བྱས་ནས་བྱང་ཀོ་རི་ཡའི་དགྲ་བོར་གྱུར་ཡོད། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་དུ་གྱུར་ཡོད་ན་ཡང་། རྒྱ་ནག་གི་བྱེད་སྟངས་དེས་བྱང་ཀོ་རི་ཡ་ལ་ཁོང་ཁྲོ་བསླངས་པ་མ་ཟད། ལོ་རྒྱུས་ཀྱི་རྨ་ཁ་ཞིག་བཟོས་ཡོད། གལ་སྲིད་རྒྱ་ནག་གིས་བྱང་ཀོ་རི་ཡ་ལ་རྐང་པ་བརྟན་པོར་འཛུགས་འདོད་ཡོད་ན། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བྱང་ཀོ་རི་ཡའི་མཐའ་འཁོར་དུ་རྒྱ་ནག་མ་ཡིན་པའི་ཤུགས་རྐྱེན་འགོག་ཐབས་བྱེད་དགོས་པས་རྒྱ་ནག་གིས་ཐབས་ལམ་གཉིས་ཀྱི་ཐོག་དེ་ལྟར་བྱེད་བཞིན་ཡོད།
དང་ཐོག་རྒྱ་ནག་གིས་ཀྲའོ་མངགས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ལ་ངོ་དགའ་བྱེད་བཅུག་པ་དང་བྱང་ཀོ་རི་ཡ་ལ་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད། གཉིས་ནི། རྒྱ་ནག་གིས་ཨུ་རུ་སུ་ལ་གོ་མཚོན་དང་འཕྲུལ་ཆས་རིགས་བསྐྱལ་ནས་ཨུ་རུ་སུས་བྱང་ཀོ་རི་ཡ་ལ་མཚོན་ཆ་བརྟེན་ཚད་ཆུང་དུ་གཏོང་བཞིན་ཡོད། མཐོང་སྣང་དུ་རྒྱ་ནག་གིས་ཨུ་རུ་སུ་ལ་གོ་མཚོན་མཁོ་འདོན་བྱས་པ་དེ་རྒྱ་ནག་གི་ཆེས་མཐོའི་མི་སྣ་ཀྲའོ་བྱང་ཀོ་རི་ཡ་ལ་བསྐྱོད་པ་དང་འབྲེལ་བ་མེད་པ་ལྟ་བུར་སྣང་ཡང་། དེ་ནི་བདེན་པའི་གནས་ཚུལ་ཞིག་མ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།
རྩོམ་དེ་དབྱིན་ཡུལ་དུ་ཡོད་པའི་(Nottingham) ་གཙུག་ལག་སློབ་གཉེར་ཁང་གི་ཚོང་དོན་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་ལས་རོགས་ (Chee Meng Tan) ཞེས་པས་ཟླ་འདིིའི་ཚེས་༢༧ ཉིན་ཨེ་ཤེ་ཡའི་དུས་བབ་ཐོག་བཀོད་འདུག ཚིག་དོན་ནོར་ལྷག་བྱུང་ཡོད་ན་མ་ཡིག་ལ་གཞི་བཅོས་རོགས་ཞུ།