རྒྱ་ནག་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

རྒྱ་ནག་གིས་ཝུན་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་རྒྱལ་ཁབ་གཞན་ཡིན་པ་དང་། ཐབས་བརྒྱ་བྱུས་སྟོང་གིས་སོ་སོའི་ངན་ཁག་གཞན་ལ་དཀྲི་ཐབས་བྱེད་བཞིན་པའི་སྐབས་འདིར། འཇིགས་སུ་རུང་བའི་ནད་ཡམས་དེའི་འབྱུང་ཁུངས་དང་འབྲེལ་བའི་ཞིབ་འཇུག་ལ་སྔར་བའི་ལྷག་པའི་སྟངས་འཛིན་དང་དམ་དྲག་བྱེད་འགོ་ཚུགས་ཡོད་འདུག 

དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་སི་ཨན་ཨན་གསར་ཁང་(CNN)གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་གཞུང་གི་བཀའ་ཁྱབ་ཅིག་དང་། རྒྱ་ནག་གི་སློབ་གྲྭ་ཆེན་མོ་གཉིས་ཀྱི་དྲག་ཐོག་བརྡ་ཁྱབ་ནང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཐོག་ལ་ཞིབ་འཇུག་གི་རྩོམ་ཡིག་ལ་དམ་དྲག་ཤུགས་ཆེར་བྱ་རྒྱུ་ཡིན་ཚུལ་བཀོད་ཡོད་ཅིང་། དྲྭ་ཐོག་ཏུ་བཞག་པའི་བརྡ་ཁྱབ་རྣམས་སླར་ཡང་ཕྱིར་བསྡུ་བྱས་ཡོད་འདུག 

དམ་དྲག་གི་སྒྲིག་གཞི་གསར་པ་དེའི་འོག ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ཞིབ་འཇུག་གི་རྩོམ་ཡིག་ཡོད་དོ་ཅོག་ལ་ངེས་པར་དུ་སྔར་ལས་ལྷག་པའི་ཞིབ་བཤེར་ནན་པོ་དགོས་པ་དང་། རྒྱ་ནག་དབུས་གཞུང་ནས་ཆོག་མཆན་སྤྲད་རྗེས་ད་གཟོད་གཞི་ནས་འདོན་སྤེན་པར་སྐྲུན་བྱེད་ཆོག་ཡོད་འདུག 

ཧོང་ཀོང་དུ་རྟེན་གཞི་བཅས་ཤིང་། རྒྱ་ནག་སྐམ་ས་ཆེན་མོའི་ཉམས་ཞིབ་པ་རྣམས་དང་མཉམ་ལས་ཀྱིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་གསོ་རིག་གི་ཞིབ་འཇུག་བྱས་ཏེ་རྒྱལ་སྤྱིའི་དུས་དེབ་ནང་གྲུབ་དོན་སྤེལ་མྱོང་ཡོད་པའི་ཆེད་ལས་མི་སྣ་ཞིག་གིས་དེ་སྔོན་ཕྱི་ཟླ་ ༢ ནང་དེ་འདྲའི་ཞིབ་བཤེར་ནན་པོ་ཞིག་བརྒྱུད་མི་དགོས་ཚུལ་བཤད་ཡོད་འདུག 

ཞིབ་འཇུག་ལ་སྔར་མེད་ཀྱི་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་དེ་ནི། རྒྱག་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཐད་ལ་འཁྱོག་བརྗོད་དང་སྟངས་འཛིན་བྱེད་པའི་འབད་བརྩོན་གསར་ཤོས་དེ་ཡིན་པར་མངོན་ཞིང་། ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ནད་ཡམས་དེ་ད་ལྟ་འཛམ་གླིང་གི་མི་མང་ས་ཡ་ ༡.༧ ལ་འགོས་ཟིན་པ་དང་། དེའི་རྐྱེན་གྱིས་མི་འབུམ་གཅིག་ལས་བརྒལ་བ་ཤི་ཚར་བ་མ་ཟད། ཉིན་རེ་ལས་མ་འདས་པར་ཁྱབ་རྒྱ་ཇེ་ཆེ་དང་ནད་པ་ཇེ་མང་དུ་འགྲོ་མུས་སུ་ཡོད། 

ཕྱི་ཟླ་དང་པོའི་སྨད་ནས་བཟུང་རྒྱ་ནག་གི་ཉམས་ཞིབ་པ་ཚོས་རྒྱལ་སྤྱིའི་གསོ་རིག་དུས་དེབ་ཆེ་གྲས་ཁག་གི་ཐོག་ཏུ་ནད་ཡམས་དེ་དང་འབྲེལ་བའི་ཞིབ་འཇུག་གི་གྲུབ་དོན་རྣམས་སྤེལ་དང་སྤེལ་མུས་ཡོད་ཅིང་། གསར་རྙེད་བྱུང་བའི་གནད་དོན་འགའ་ཤས་(དཔེར་ན།འགྲོ་བ་མི་ནས་མི་ལ་ཐོག་མར་ག་དུས་འགོས་ཡོད་པ་ལྟ་བུ།)ཀྱིས་རྒྱ་ནག་ནང་དུ་གཞུང་གི་འགྲེལ་བརྗོད་ལ་དོགས་པ་བསླངས་ནས་སྤྱི་ཚོགས་དྲ་ལག་ཁག་ཏུ་རྙོག་གླེང་ཆེན་པོ་བྱུང་ཡོད་འདུག 

གནད་དོན་འདི་དང་འབྲེལ་བའི་ཐད་ལ། སོ་སོའི་བདེ་འཇགས་ཀྱི་ཆེད་དུ་མིང་སྨྲ་འདོད་མེད་པའི་རྒྱ་ནག་གི་ཉམས་ཞིབ་པ་ཞིག་གིས་སི་ཨན་ཨན་གསར་ཁང་ལ་དེ་ནི་[ནད་ཡམས་འདིའི་ཐོག་ལ་]ཚན་རིག་གི་ཞིབ་འཇུག་གལ་ཆེན་བཀག་སྡོམ་བྱེད་པའི་བྱ་སྤྱོད་འཇིགས་སུ་རུང་བ་ཞིག་ཡིན་ཚུལ་བརྗོད་པའི་ཐོག “ངས་བལྟས་ན།འདི་ནི་རྒྱ་ནག་གཞུང་གིས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་སྟངས་འཛིན་བྱས་ཏེ་། དེའི་འབྱུང་ཁུངས་རྒྱ་ནག་མ་ཡིན་པ་ལྟ་བུ་བཟོ་བའི་འབད་བརྩོན་ཞིག་རེད། ཁོ་ཚོས་ནད་ཡམས་འདིའི་འབྱུང་ཁུངས་ལ་ཡང་དག་པའི་ཞིབ་འཇུག་ཅིག་གཏན་ནས་བྱེད་ཀྱི་འཇུག་རྒྱུ་མ་རེད་”ཅེས་བརྗོད་ཡོད་འདུག 

གཞན་ཡང་། མིང་བརྗོད་འདོད་མེད་པའི་ཉམས་ཞིབ་པ་དེས་རྒྱ་ནག་གི་ཞིབ་འཇུག་ཚན་ཁག་ནས་རྩོམ་ཡིག་ག་འདྲ་ཞིག་སྤེལ་ཡང་རྒྱ་ནག་གཞུང་གིས་ཞིབ་བཤེར་འོག་ནས་ཡོང་བ་ཞིག་ཡིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚན་རིག་པ་ཚོས་ངེས་པར་དུ་ཤེས་རྒྱུ་གལ་ཆེན་ཡིན་སྐོར་བཤད་ཡོད་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།