རྒྱ་ནག་གིས་ཨ་རིར་འབྲེལ་ལམ་བསྐྱར་གསོ་བྱེད་པའི་དགོས་འདུན་བཏོན་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་(Wang Yi) ཀྱིས་བྷའེ་ཌན་སྲིད་གཞུང་ལ་སྲིད་གཞུང་གོང་མས་རྒྱ་ནག་གི་ཚོང་ཟོག་ཐོག་ཏུ་བཞག་པའི་སྒོ་ཁྲལ་དང་། རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ལ་བཞག་པའི་ཉེས་ཆད་རྣམས་མེད་པ་བཟོས་ནས་ཨ་རྒྱའི་བར་དུ་གྲོས་མོལ་བསྐྱར་གསོ་བྱེད་པའི་དགོས་འདུན་བཏོན་འདུག
དེ་རིང་སྟེ་ཕྱི་ཟླ་༢ ཚེས་༢༢ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཀྱིས་པེ་ཅིང་དུ་འཚོགས་པའི་ཚོགས་ཆེན་ཞིག་གི་ཐོག་ཏུ་གཏམ་བཤད་སྤེལ་བའི་སྐབས། ཊོམ་སྲིད་གཞུང་གི་འོག་ཏུ་ཨ་རྒྱའི་འབྲེལ་ལམ་དེ་ལོ་ངོ་བཅུ་ཕྲག་ནང་གི་ཚད་གཞི་དམའ་ཤོས་སུ་གྱུར་རྗེས། པེ་ཅིང་སྲིད་གཞུང་གི་ངོས་ནས་ཝ་ཤིན་ཏྲོན་སྲིད་གཞུང་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་བྱེད་པའི་གྲ་སྒྲིག་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་སྲིད་བློན་ཝང་ཡིས་ཀྱིས་“ང་ཚོ་ལ་ཨ་རིར་འགྲན་རྩོད་དམ། ཨ་རིའི་སྟོབས་ཤུགས་མེད་པ་བཟོ་བའི་མངོན་འདོད་མེད། ང་ཚོ་ལ་ཨ་རི་དང་ལྷན་དུ་ཞི་བདེ་མཉམ་གནས་དང་ཐུན་མོང་གི་འཕེལ་རྒྱས་གཏོང་རྒྱུའི་གྲ་སྒྲིག་ཡོད། དེ་བཞིན་ང་ཚོས་ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་། ཆེ་མཐོང་། འཕེལ་རྒྱས་ཀྱི་ཐོབ་ཐང་ལ་གུས་བརྩི་ཞུ་བའི་རེ་བ་འཆང་གི་ཡོད་”ཅེས་བརྗོད་པའི་ཐོག “ང་ཚོས་ཨ་རི་ལ་རྒྱ་ནག་དམར་ཤོག་ཚོགས་པ་དང་། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་དམའ་འབེབས་གཏོང་མཚམས་འཇོག་དགོས་པ་དང་། ཐའེ་ཝན་གྱི་རང་བཙན་རྩོད་མཁན་ཚོའི་ནོར་འཁྲུལ་ཅན་གྱི་ཚིག་དང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པ། དེ་བཞིན་བོད་དང་ཤིང་ཅང་། ཧོང་ཀོང་བཅས་དང་འབྲེལ་བའི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་ཟེར་གྱི་ཡོད་”ཅེས་བསྣན་འདུག
གཞན་ཡང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཉེ་ཅར་སྲིད་འཛིན་བྷའེ་ཌན་དང་ཞི་ཅིན་ཕིང་གཉིས་ཀྱི་བར་དུ་ཁ་པར་ཐོག་ནས་གླེང་མོལ་བྱས་པ་དེ་བཟང་ཕྱོགས་ཀྱི་གོམ་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་པ་དང་། རྒྱ་ནག་དུས་རྟག་ཏུ་ཨ་རི་དང་ལྷན་དུ་གྲོས་མོལ་བྱེད་པའི་གྲ་སྒྲིག་ཡོད། རྒྱ་ནག་གི་ཚོང་ཟོག་ཐོག་ཏུ་བཞག་པའི་སྒོ་ཁྲལ་དང་དཔལ་འབྱོར་ཉེས་ཆད་མེད་པ་བཟོ་དགོས་སྐོར་བཤད་འདུག
འདས་པའི་ལོ་བཞི་ཙམ་གྱི་ནང་ཚུན་དུ་ཊོམ་གྱིས་འགོ་ཁྲིད་པའི་ཨ་རི་དང་། རྒྱ་ནག་གཉིས་ཀྱི་བར་དུ་ཚོང་དང་། འགྲོ་བ་མིའི་ཐོབ་ཐང་། ལྷོ་རྒྱ་ནག་རྒྱ་མཚོ། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་འགལ་བ་རྒྱུན་མི་ཆད་པར་བྱུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ལོ་བཅུ་ཕྲག་ནང་གི་ཚད་གཞི་ཆེས་དམའ་ཤོས་སུ་གྱུར།
རྒྱ་ནག་གཞུང་དང་། རྒྱ་ནག་གི་ཉམས་ཞིབ་པ་ཚོས་བྷའེ་ཌན་སྲིད་གཞུང་གི་འོག་ནས་ཨ་རྒྱའི་འབྲེལ་ལམ་སྔར་རྒྱུན་ལྟར་ཡོང་བའི་རེ་བ་དང་སྔོན་དཔག་བྱས་ཡོད་རུང་། སྲིད་འཛིན་བྷའེ་ཌན་གྱིས་ཁོར་ཡུག་དང་། བྱང་ཀོ་རི་ཡ་ལྟ་བུའི་གནད་དོན་འགའི་ཐོག་ནས་རྒྱ་ནག་དང་མཉམ་འབྲེལ་བྱེད་རྒྱུ་ཡིན་སྐོར་བརྗོད་པ་ལས། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་ལ་མུ་མཐུད་གནོན་ཤུགས་སྤྲོད་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།