རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱས་པར་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཅད་འདུག

ཉི་ཧོང་གི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་བོད་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་བྱས་པ་དེར། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་ཉེས་ཆད་བཅད་ཡོད་འདུག

པར། རོའུ་ཊར།

ཕྱི་ཚེས་༨ ཉིན་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་ཟླ་བ་ཉིན་རྒྱ་ནག་གཞུང་གིས་བརྗོད་དོན་ལ། རྒྱ་རིགས་ཀྱི་མི་སེར་ཡིན་པའི་ཉི་ཧོང་གི་གྲོས་ཚོགས་གོང་མའི་འཐུས་མི་(Seki Hei)ཡིས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་བྱས་པ་དང་། རྒྱ་ནག་གིས་དབང་འོག་ཏུ་ཡོད་པའི་བོད། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་བརྗོད་འདུག་པས། རྒྱ་ནག་གཞུང་གིས་དེ་ནི་ཧ་ཅང་གི་ཚབས་ཆེན་པོ་ཡིན་ཚུལ་དང་། ཁོང་གིས་སྐྱོན་བརྗོད་དེ་དག་ནི་ངོས་ལེན་བྱེད་དཀའ་བའི་གནད་དོན་ཞིག་ཡིན་ཚུལ་བརྗོད་འདུག རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གྱིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་(Seki Hei)ཡིས་བོད་དང་ཐའེ་ཝན། ཤར་ཏུར་ཀི་སི་ཐན་སོགས་ཀྱི་སྐོར་ཁུངས་ལུང་མེད་པའི་རྫུན་གཏམ་མང་པོ་སྤེལ་གྱི་ཡོད་ཚུལ་བརྗོད་འདུག
དེ་བཞིན་རྒྱ་ནག་གཞུང་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lin Jian)ཡིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་(Seki Hei)ཞེས་པ་ཁོང་རང་ཉིད་རྒྱ་ནག་ནང་སྐྱེས་ཡོད་ཀྱང་། ད་ཆར་རང་གི་སྐྱེས་ཡུལ་ལ་རྒྱབ་འགལ་བྱེད་ཀྱི་ཡོད་པ་དང་། ཉི་ཧོང་དང་རྒྱ་ནག་གཉིས་བར་ཕྱི་ལོ་༡༩༧༢ ལོར་བཞག་པའི་གྲོས་མཐུན་ལས་འགལ་བའི་བྱ་སྤྱོད་སྤེལ་བ་ནི་རྒྱ་ནག་གི་ནང་སྲིད་དང་ས་ཁོངས་བདག་དབང་ལ་གནོད་འཚེ་ཚབས་ཆེན་པོ་བཟོ་བཞིན་ཡོད་པ་སོགས་བརྗོད་ནས་སྐྱོན་བརྗོད་བྱས་འདུག དེ་བཞིན་བོད་དང་ཐའེ་ཝན། ཧོང་ཀོང་སོགས་ཀྱི་གནད་དོན་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པས། དེ་ལ་ཐེ་བྱུས་བྱས་པ་ནི་མི་འགྲིགས་ཚུལ་བརྗོད་འདུག
ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁོང་ལ་རྒྱ་ནག་གིས་ཉེས་ཆད་བཀལ་རྗེས། ཉི་ཧོང་གཞུང་གི་མགྲིན་ཚབ་པ་(Yoshimasa Hayashi)ཡིས་རྒྱ་ནག་གཞུང་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ལ་སྐྱོན་བརྗོད་དང་། རང་གི་ལྟ་བ་དང་མི་མཐུན་མཁན་རྣམས་ལ་དྲག་གནོན་བྱེད་པ་ནི་དུས་ནམ་ཡང་ངོས་ལེན་བྱ་རྒྱུ་མེད་ལ། གྲོས་ཚོགས་འཐུས་མི་ཞིག་གིས་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ནས་གནད་དོན་གླེང་སློང་བྱེད་པ་ནི་ཉི་ཧོང་གི་མང་གཙོའི་གཞི་རྩ་ཡིན་པས། གྲོས་ཚོགས་འཐུས་མི་ཁོང་ལ་བཀལ་བའི་ཉེས་ཆད་དག་ཕྱིར་འཐེན་བྱེད་དགོས་པ་བརྗོད་འདུག
གཟའ་ཟླ་བ་ཉིན་རྒྱ་ནག་གཞུང་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁོང་གི་རྒྱུ་ནོར་རྒྱ་ནག་ནང་ཡོད་པ་དག་བཀག་འགོག་བྱེད་རྒྱུ་དང་། ཁོང་དང་འབྲེལ་བ་ཡོད་པའི་ཚོང་དོན་ལས་ཁུངས་རྣམས་རྒྱ་ནག་ནང་ཡོད་པའི་ཚོང་དོན་ལས་ཁུངས་རྣམས་དང་འབྲེལ་བ་བྱེད་མི་ཆོག་པའི་བཀག་འགོག་བྱེད་རྒྱུ་ཡིན་འདུག་ལ། ཁོང་གི་ནང་མི་དང་སྤུན་མཆེད་རྣམས་ཧོང་ཀོང་དང་། གཞན་རྒྱ་ནག་གི་ས་ཁུལ་དུ་ཡོང་མི་ཆོག་པའི་ཉེས་ཆད་བཅད་ཡོད་འདུག
ཉི་ཧོང་གི་གྲོས་ཚོགས་གོང་མའི་འཐུས་མི་ཁོང་ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གི་(Sichuan)ཞིང་ཆེན་ནང་སྐྱེས་ཡོད་འདུག་ཅིང་། ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་མང་མང་གཙོ་ལས་འགུལ་སྤེལ་རྗེས་ཁོང་རྒྱ་ནག་གཞུང་ལ་མི་དགའ་མཁན་ཞིག་ཏུ་གྱུར་ནས་མཐར་ཉི་ཧོང་དུ་ཡོང་ནས་ཕྱི་ལོ་༢༠༠༧ ལོར་ཉི་ཧོང་གི་མི་སེར་ཆགས་ཡོད་འདུག
འདི་ལོ་ཕྱི་ཟླ་༧ ནང་གྲོས་ཚོགས་འཐུས་མི་ཆགས་ཡོད་འདུག་ཅིང་། ཁོང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འཐུས་མི་ཁོངས་ནས་ལངས་ཡོད་འདུག་པས། ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དུས་རྒྱུན་གལ་ཆེ་བརྩི་ས་གཙོ་བོ་ནི་རྒྱ་ནག་གི་སྲིད་བྱུས་དང་། ཕྱི་མི་གནས་སྤོ། ཉི་ཧོང་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ཀྱི་སྐོར་གཙོ་བོ་འཛིན་གྱི་ཡོད་འདུག རྒྱ་ནག་གིས་ཁོང་ལ་ཉེས་ཆད་བཀལ་རྗེས་ཁོང་གིས་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་ཆད་བཀལ་བ་ནི་ཉི་ཧོང་མི་དམངས་ཀྱི་བཟང་སྤྱོད་དང་འགལ་གྱི་ཡོད་ཅིང་། ཉི་ཧོང་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་རེད་ཅེས་བརྗོད་འདུག།

གསར་འགོག་པ། བསོད་ནམས་ཕུན་ཚོགས།