ལྕམ་ཨང་སན་སུ་ཅིའི་བུ་ཡིས་ཨ་མ་གློད་བཀྲོལ་ཆེད་ཞུ་གཏུག་རྒྱག་བཞིན་པ།

ལྷོ་ཤར་ཨི་ཤི་ཡའི་རྒྱལ་ཁབ་འབར་མའི་ནང་ལོ་དུ་མའི་རིང་སྲིད་དོན་གྱི་རྩོད་རྙོག་ཡང་ཡང་བྱུང་དང་འབྱུང་བཞིན་ཡོད་པ་དང་། འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་ཅི་འབར་མི་དམག་མིས་ལོ་མང་རིང་བཟང་བཙོན་འོག་ཏུ་བཞག་མྱོང་ཡོད། ཕྱི་ལོ་༢༠༢༡ ལོར་བསྐྱར་དུ་འབར་མའི་དམག་མིས་འཇུ་བཟུང་བྱས་ནས་བཙོན་འཇུག་བྱས་ཡོད་པར་བརྟེན། ཨན་སང་སུ་ཅིའི་བུ་ཆུང་བས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་གཏུག་བརྒྱབས་ནས་ཨ་མ་གློད་ཐབས་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལ། འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་ཅིའི་བུ་ཆུང་བས་ཁོང་གི་ཨ་མ་འབར་མའི་བཙོན་ཁང་ནས་གློད་བཀྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་འབར་མའི་དམག་དཔུང་ལ་གནོན་ཤུགས་སྤྲོད་རོགས་ཞེས་སྦི་སྦི་སི་གསར་ཁང་གིས་བཅར་འདྲི་བྱེད་སྐབས་བརྗོད་འདུག བུ་ཡིས་བརྗོད་དོན་ལ་ངས་རང་གི་ཨ་མ་བཙོན་ཁང་ནང་འདི་འདྲ་སྡུག་སྦྱོང་མྱོང་བཅུག་ན་འགྲིག་གི་མ་རེད་ཅེས་བརྗོད་འདུག

ཕྱི་ལོ་༡༩༨༨ ལོར་ལྕམ་ཨང་སན་སུ་ཅི་དབྱིན་ཡུལ་ནས་ཕྱིར་འབར་མ་ལ་ཡོང་ཡོད་པ་དང་། ཁོང་མོའི་ཕ་ནི་སྐད་གྲགས་ཆེ་བའི་འབར་མའི་དམག་དཔོན་ཨང་སན་ཟེར་བ་ཞིག་ཡིན་འདུག ཁོང་མོ་ཕྱིར་ལོག་རྗེས་འབར་མའི་ནང་ཁོང་མོས་( national League for Democracy )ཟེར་བའི་སྲིད་དོན་ཚོགས་པ་ཞིག་བཙུགས་ནས་དམག་མིའི་སྲིད་དབང་ལ་ཁ་གཏད་བཅག་པར་བརྟེན། ཕྱི་ལོ་༡༩༨༩ ལོར་ཁོང་མོ་བཟང་བཙོན་དུ་བཅུག ལྕམ་ཨང་སན་སུ་ཅིའི་བུ་ཆུང་བ་ཀིམ་ཨ་རེས(Kim Aris )བརྗོད་དོན་ལ། ངའི་ཨ་མ་དེ་སྔོན་ཕྱི་ལོ་༡༩༨༩ ནས་མི་ལོ་༡༥ མ་ཟིན་ཙམ་བཙོན་འཇུག་བྱས་ཡོད་པ་དང། སྐབས་དེར་ཨ་མས་ཁོང་ལ་སྲིད་དོན་དང་འབྲེལ་བའི་གནད་དོན་སྐོར་ཐེ་གཏོགས་བྱེད་མི་འཇུག་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་བཅར་འདྲི་དང་ལེན་བྱེད་འཇུག་གི་མེད། འོན་ཀྱང་། ད་ཆར་ངའི་ཨ་མ་མི་ལོ་༣༣ བཙོན་འཇུག་ཁྲིམས་བཅད་ཕོག་ཡོད་པར་བརྟེན། ངས་ཨ་མའི་ཆེད་དུ་སྐད་མ་བརྒྱབས་ཐབས་མེད་རེད་། འབར་མའི་དམག་མིས་ངའི་ཨ་མ་དང་ཨ་མའི་འཕྲོད་བསྟེན་སྐོར་གནས་ཚུལ་གཅིག་ཀྱང་སྤྲོད་ཀྱི་མི་འདུག་ཅེས་བརྗོད་འདུག བུ་ཆུང་བ་ད་ལྟ་དབྱིན་ཡུལ་ལ་ཡོད་པ་དང། དབྱིན་ཡུལ་གྱི་འགོ་ཁྲིད་དང་རྒྱ་གྲམ་དམར་པོ་སོགས་ཀྱིས་ཀྱང་ལྕམ་ཨང་སན་སུ་ཅིའི་སྐོར་གནས་ཚུལ་གང་ཡང་རག་ཐུབ་ཀྱི་མེད་པ་ཡིན་འདུག 

ཕྱི་ལོ་༡༩༩༡ ལོར་ཨང་སན་སུ་ཅི་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རག་ཡོད་ཀྱང། ཁོང་མོ་གཟེངས་རྟགས་ལེན་དུ་འགྲོ་ཐུབ་མེད། སྐབས་དེ་དུས་ཁོང་མོའི་བུ་ཆུང་བ་རང་ལོ་༡༤ ཡིན་པའི་ཀིམ་ཨ་རེས་གཟེངས་རྟགས་ལེན་དུ་སོང་ཡོད་འདུག ཕྱི་ལོ་༡༩༨༨ ལོར་ཨན་སན་སུ་ཆི་འབར་མར་ལོག་པ་ནས། ཁོང་མོའི་བུ་གཉིས་དང་ཁ་བྲལ་ནས་མཐར་ཕྱི་ལོ་༢༠༡༠ བར་ཐུག་ཐུབ་མི་འདུག ཨང་སན་སུ་ཅི་མི་ལོ་༡༥ རིང་བཙོན་འཇུག་བྱས་རྗེས་ཕྱི་ལོ་༢༠༡༠ ལོར་གློད་བཀྲོལ་ཐོབ་ནས་འབར་མའི་མི་མང་གིས་དགའ་བསུ་ཆེན་པོ་ཐོབ། འོན་ཀྱང་། ཕྱིས་སུ་ཁོང་མོ་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་ཆེན་པོ་བྱས་ཡོད། རྒྱུ་མཚན་ཕྱི་ལོ་༢༠༢༡ ལོར་ཁོང་མོ་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། དམག་མིས་གཞུང་བཙན་བཟུང་བྱས་པར་བརྟེན། སྐབས་དེ་དུས་མི་མང་དང་དམག་མིའི་བར་གདོང་ཐུག་ཤོར་ནས་མི་མང་ཕོན་ཆེན་གྱི་སྲོག་ཤོར་བ་དང་། དམིགས་བསལ་ཁ་ཆེའི་མི་རིགས་(Rohingya) ཐོག་དྲག་གནོན་ཤུགས་ཆེན་བྱས་ནས་ཁ་ཆེའི་མི་རིགས་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད། ཁོང་མོས་དམག་མིའི་གཞུང་འཛིན་པ་ལ་སྐྱོན་བརྗོད་དང་བཀག་འགོག་བྱས་མེད་པར་བརྟེན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་ཆེན་པོ་བྱས་ཡོད། འབར་མའི་ཁ་ཆེའི་མི་རིགས་སྟོང་ཕྲག་མང་པོ་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལའི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བ་མ་ཟད།  འབར་མའི་དམག་མི་དང་གདོང་ཐུག་ཤོར་ནས་མི་གསོད་དོན་རྐྱེན་ཚབས་ཆེན་བྱུང་། 

སྤྱིར་ཨི་ཤི་ཡའི་རྒྱལ་ཁབ་པ་ཀི་སི་ཐན་དང། ཐེ་ལན་ཌི། འབར་མ་སོགས་ཀྱི་རྒྱལ་ཁབ་དུ་མའི་ནང་དམག་མིས་རྒྱལ་ཁབ་གྱི་སྲིད་དོན་ལ་ཐེ་གཏོགས་ཆེན་པོ་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༡ ལོར ལྕམ་ཨང་སན་སུ་ཅིའི་མི་ལོ་༣༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་བརྟེན། ད་ཆར་མི་ལོ་གཉིས་འདས་ཟིན་ཡང་། ཁོང་མོའི་གནས་སྟངས་སྐོར་གྱི་གནས་ཚུལ་གང་ཡང་ཕྱི་ཕྱོགས་སུ་གོ་ཐོས་མེད་པ་ཡིན་འདུག ཁོང་མོའི་བུ་ཆུང་བས་བརྗོད་དོན་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང། མི་མང་གིས་ཤུགས་གནོན་རྒྱག་རོགས་བྱས་ན། ཁོང་གི་ཨ་མ་བསྐྱར་དུ་གློད་བཀྲོལ་ཐོབ་ནས་སྲིད་དབང་སླར་ཡང་མཇུག་སྐྱོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།