སྐབས་དང་པོའི་བོད་ཀྱི་མཛངས་པའི་རྒྱལ་ཁའི་རྟགས་མ་ཉི་མ་ལ་ཐོབ་སོང་།
སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་རྒྱལ་ཁ་བྷེང་ལོར་ནས་ཡིན་པའི་ཁྲིམས་ལུགས་རིག་པའི་སློབ་མ་ཉི་མ་ལ་ཐོབ་སོང་།
ཟླ་༡༠ པའི་ཚེས་༢༨ ཉིན་གྱི་དགོང་མོར་དྷ་ས་བོད་ཀྱི་ཟློས་གར་དུ། གཡག་རྩེད་རིགས་ཚོགས་པས་གོ་སྒྲིག་བྱས་པའི་སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་གྲུབ་འབྲས་གསལ་བསྒྲགས་བྱས་སྐབས། བྷེང་ལོར་ནས་ཁྲིམས་ལུགས་རིག་པའི་ཐོག་སློབ་གཉེར་བྱེད་བཞིན་པའི་ཉི་མ་ལ་ཕྱི་ལོ་༢༠༡༧ ལོའི་སྐབས་དང་པོའི་བོད་ཀྱི་མཛངས་པའི་རྒྱལ་ཁའི་རྟགས་མ་དང་། བྱ་དགའ་ཧིན་སྒོར་འབུམ་༡ དང་ཁྲི་༡ ཐོབ་སོང་ལ། བྷེང་ལོར་ནས་ཡིན་པའི་ཚེ་རིང་ཆོས་འཕེལ་ཨང་གཉིས་པ་རུ་སོན་ནས་བྱ་དགའ་ཧིན་སྒོར་ཁྲི་༧ དང་། དྷ་ས་ནས་ཡིན་པའི་བློ་བཟང་ཆོས་འཕེལ་ཨང་གསུམ་པ་རུ་སོན་ནས་བྱ་དགའ་ཧིན་སྒོར་ཁྲི་༤ ཐོབ་སོང་།
ཕྱི་ལོ་༢༠༡༧ ལོར་སྐབས་དང་པོའི་བོད་ཀྱི་མཛངས་པའི་རྒྱལ་ཁ་ཐོབ་མཁན་ཉི་མས་སྡིངས་ཆའི་ཐོག་ནས་སྐབས་དང་པོའི་བོད་ཀྱི་མཛངས་པའི་འགྲན་སྡུར་ནང་རེ་བ་དང་དམིགས་ཡུལ་ཞིག་བཟུང་ནས་འཛུལ་ཞུགས་བྱས་པ་ཡིན་པ་དང་། ཁོང་ལ་ད་ཐེངས་རྒྱལ་ཁ་ཐོབ་པ་འདི་ནི་ཁོང་གཅིག་པུ་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར། གྲོགས་ཕོ་མོ་ཡོངས་དང་རྒྱབ་སྐྱོར་བྱེད་མཁན་མང་ཚོགས། གོ་སྒྲིག་པ། གཟུ་དཔང་བཅས་ཚང་མས་རེ་བ་དང་ཡིད་ཆེས་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། མང་ཚོགས་ཀྱི་རེ་བཞག་ལྟར་མ་འོངས་པར་བོད་ཀྱི་མཛངས་པའི་སྡིངས་ཆ་འདི་དམིགས་བསལ་བཟོ་ཐབས་དང་། གཞོན་སྐྱེས་གང་མང་ཞིག་གིས་སྡིངས་ཆ་འདི་ལ་བརྟེན་ནས་སོ་སོའི་རྩལ་དང་ནུས་པའི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་དང་། ད་ཐེངས་ཀྱི་རྒྱལ་ཁ་འདི་དོན་དུ་ཁོང་གཅིག་པུ་ལ་མ་ཡིན་པར་འཛུལ་ཞུགས་པ་ཚང་མ་ལ་ཐོབ་པ་ཡིནསྐོར་དང་ཚང་མར་ཐུགས་རྗེ་ཆེ་ཞེས་བཅས་བརྗོད་སོང་།
བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོའི་དངོས་གཞི་འགྲན་སྡུར་དེ་ཟླ་༡༠ པའི་ཚེས་༢༥ ནས་༢༨ བར་ཉིན་གྲངས་བཞིའི་རིང་བྱས་ཡོད་པ་དང་། དེ་ཡང་ཚེས་༢༥ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ལུས་སྦྱོང་ཁང་དུ། ལུས་པོའི་སྟོབས་རྩལ་འགྲན་སྡུར་དང་། ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོར་ནོར་གླིང་དུ་ཡོད་པའི་རྒྱ་གར་གསོལ་མགྲོན་ཁང་དུ་གཟུགས་བྱད་འགྲན་སྡུར། ཕྱི་དྲོར་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཐུན་མིན་བོད་ཀྱི་ཆས་གོས་དང་། ཕྱི་ལུགས་ཀྱི་གྱོན་ཆས། པར་བྱད་རྫིགས་པོའི་འགྲན་སྡུར། དེ་བཞིན་ཕྱི་ཚེས་༢༧ ཉིན་རིག་རྩལ་འགྲན་སྡུར་དང་། གཟུ་དཔང་ཚོའི་དྲི་བར་ལན་འདེབས་ཀྱི་འགྲན་བསྡུར་བཅས་བྱས་ནས། ཉིན་མཐའ་མ་ཕྱི་ཚེས་༢༨ ཉིན་གྲུབ་འབྲས་གསལ་བསྒྲགས་བྱས་སོང་། གཞན་ཡང་འགྲན་བསྡུར་ཉིན་མཐའ་མ་གསུམ་གྱི་སྐབས་སུ་གཞས་སྣ་འཁྲབ་སྟོན་སྣ་ཚོགས་པ་བྱས་སོང་།
ད་ཐེངས་སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་ནང་འཛུལ་ཞུགས་ཀྱི་བྱ་ཆེད་སྙན་ཞུ་རྒྱག་མཁན་སྐྱེས་པ་༡༧ བྱུང་ཡོད་འདུག་ཀྱང་། དེ་དག་ལས་ཆ་རྐྱེན་ལ་གཞིགས་ནས་མཐའ་མའི་འགྲན་སྡུར་ནང་། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནས་ཉི་མ་དང་ཚེ་རིང་ཆོས་འཕེལ། བྷིར་གཞིས་ཆགས་ནས་སྐར་མ་མཐུ་སྟོབས། ཧོན་སུར་རབ་རྒྱལ་གླིང་ནས་བསྟན་འཛིན་བློ་ལྡན། དྷ་ས་ནས་བློ་བཟང་ཆོས་འཕེལ་བཅས་ཡིན་པ་རེད།
འགྲན་སྡུར་དེར་གཟུ་དཔང་བཞི་ཡོད་པ་ལས། ཕྱི་ལོ་༢༠༡༥ ལོའི་འཛམ་གླིང་གི་མཛངས་པ་འགྲན་སྡུར་ཁྲོད་ཐོབ་མཁན་པ་ཝན་ཤེ་ཊི་དང་། རྒྱ་གར་ཤར་ཕྱོགས་ཀྱི་མཛངས་པ་ཐོབ་མཁན་བསྟན་འཛིན་འཇམ་དབྱངས། བྱང་ཨ་རིའི་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བསོད་ནམས། དེ་བཞིན་གྱོན་གསར་འགྲེམ་སྟོན་པ་ཟུར་པ་བྷི་ཏི་ཤ་བྷིས་པོ་བཅས་ཡིན་པ་རེད།
བོད་ཀྱི་མཛངས་པ་འགྲན་སྡུར་གོ་སྒྲིག་བྱེད་མཁན་བསྟན་འཛིན་བཀྲ་ཤིས་ཀྱིས་སླད་མ་འོངས་པར་བོད་ཀྱི་མཛངས་པ་འགྲན་སྡུར་མུ་མཐུད་གོ་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། ལས་འགུལ་གཞན་གསར་པ་མང་པོ་ཞིག་སྤེལ་འཆར་ཡོད་སྐོར་དང་། ད་ཐེངས་སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་བསྡུར་འདི་རེ་བ་རྒྱག་པ་བཞིན་ཚགས་ཚུད་པོ་བྱུང་སོང་དྲན་གྱི་འདུག་ཅེས་བརྗོད་སོང་།
སྐབས་དང་པོའི་བོད་ཀྱི་མཛངས་པའི་རྒྱལ་ཁའི་རྟགས་མ་ཐོབ་པའི་གཞོན་སྐྱེས་ཉི་མ་ནི། ད་ལྟ་རང་ལོ་༢༤ ཡིན་ཞིང་། ཕྱི་ལོ་༢༠༠༧ ལོར་བོད་ནས་འབྱོར་ཏེ། སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་བྱས་རྗེས། ད་ལྟའི་ཆར་རྒྱ་གར་བྷེང་ལོར་(CMR Law College)ཞེས་པའི་མཐོ་སློབ་ཏུ་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་ཐོགསློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ཁོང་གིས་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་(Global Tibetan Student Union)གསར་འཛུགས་ཀྱིས་མཐོ་སློབ་ནང་གསར་ཞུགས་བྱེད་མཁན་སློབ་མ་རྣམས་ལ་རོགས་སྐྱོར་བྱེད་རྒྱུས་མཚོན་པའི་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་འདུག གཞན་ཡང་ཁོང་གི་དམིགས་འདུན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཆགས་རྒྱུ་དེ་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།