སྐུ་ཕྱྭ་དང་བོད་ཀྱི་ལས་དབང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༧༨ ཕྱི་ལོ་ ༢༠༢༢/༡ /༡༩
རྒྱ་ནད་གདུག་པ་ཅན་གྱིས་འཛམ་གླིང་ཤར་ནུབ་ཀུན་ཏུ་མི་རྒྱུ་གཉིས་ལ་དཀའ་ངལ་གོད་ཆག་ཚད་ལས་བརྒལ་བ་ཞིག་བཏང་ཡོད་ལ། ནད་ཡམས་དེ་ཁྱབ་གདལ་བྱུང་ནས་ད་བར་མི་གྲངས་༣༣༤,༩༠༡,༤༦༩(དུང་ཕྱིར་གསུམ་དང་བྱེ་བ་གསུམ་ས་ཡ་བཞི་དགུ་འབུམ་ཁྲི་མེད་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རེ་དགུ་)ཙམ་ལ་འགོས་ཡོད་པ་དང་། རྐྱེན་ལམ་དུ་བཏང་བ་གྲངས་༥,༥༧༢,༦༧༨ (ས་ཡ་ལྔ་དང་ལྔ་འབུམ་བདུན་ཁྲི་ཉིས་སྟོང་དྲུག་བརྒྱ་བདུན་ཅུ་དོན་བརྒྱད་)བྱུང་ཡོད། ཁ་སང་ཕྱི་ཚེས་༡༨ ཉིན་ཆུ་ཚོད་༢༤ རིང་འཛམ་གླིང་གི་ཁྱོན་ཡོངས་སུ་ནད་པ་གསར་པ་གྲངས་༢,༩༠༡,༦༡༡ བྱུང་ཡོད་པ་དང་། རྐྱེན་ལམ་དུ་གྱུར་པ་གྲངས་༧,༨༢༠ ཙམ་རེད། རྒྱ་ནད་འདིའི་ཤུགས་རྐྱེན་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་དཀའ་ངལ་ཆེན་པོ་སྤྲད་ཡོད་པ་དང་། ད་དུང་ཡང་མུ་མཐུད་དཀའ་ངལ་དུ་མ་ཞིག་སྤྲད་ངེས་རེད་འདུག ད་ལྟའི་ཆར་ནད་ཡམས་དེའི་རྣམ་པ་ལ་འགྱུར་བ་ཅུང་ཙམ་རེ་ཕྱིན་པ་དང་། དེ་ལ་རྒྱ་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་མཁས་ཀྱི་ཐོག་ནས་མིང་གསར་པ་འདྲ་མིན་སྣ་ཚོགས་ཤིག་འདོགས་བཞིན་འདུག་མོད། དོན་དུ་ཕྱི་ལོ་༢༠༡༩ ལོར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་འབུ་དེ་རེད།
ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གིས་གཙོས་བཞུགས་སྒར་དྷ་རམ་ས་ལར་རྒྱ་ནད་འགོས་ཁྱབ་ཀྱི་གནས་ཚུལ་ཛ་དྲག་ཆགས་འདུག ལྷག་པར་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་པའི་རྣམ་པའི་ནང་དུ་ནད་རྟགས་ཐོན་པ་མང་པོ་བྱུང་ཡོད་འདུག་པ་དང་། དེ་ལ་སྤྱི་ཚོགས་ནང་སེམས་ཁྲལ་བྱེད་མཁན་དང་དཀྲོག་གཏམ་སྤེལ་མཁན་སོགས་ཇི་སྙེད་ཅིག་ཡོང་གི་འདུག ད་ལྟའི་རྒྱ་ནད་གདུག་པ་ཅན་འདི་ལ་བརྟེན་ནས་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལ་སེམས་ཁྲལ་དགོས་པ་ཞིག་ཏུ་གྱུར་ཡོད། འདིའི་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚང་མས་འགན་ཁུར་ཚད་ལྡན་ལེན་དགོས་ཤིང་། ཕྱོགས་གཅིག་ནས་དགུང་ནའི་བབས་དང་། ཕྱོགས་གཅིག་ནས་བོད་མི་རྣམས་བསོད་ནམས་དམན་པས་ཉེན་ཁ་མེད་པ་གཏན་ནས་མིན།
༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་པ་སྤྱིའི་ལས་དབང་གཉིས་གཅིག་ཏུ་སྦྲེལ་ཡོད་པ་དང་། ད་ཆ་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་སྣ་ཚོགས་ཁྱབ་བཞིན་པས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་འབྲེལ་ཡོད་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་བཅས་ཀྱིས་སྐུ་ཕྱྭ་སྤྱི་དང་ལྷག་པར་དུ་རྒྱ་ནད་གདུག་པ་ཅན་གྱི་གནས་སྟངས་ལ་བརྟེན་ནས། སྐུ་ཕྱྭའི་གནས་སྟངས་སྐོར་རྒྱ་ཆེའི་མི་མང་ལ་གསལ་བཤད་ཅིག་གནང་ཐུབ་ན། དཀྲོག་གཏམ་ཁག་རང་བཞིན་གྱིས་ནུས་མེད་དུ་འགྱུར་ཐུབ་པ་དང་། གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱི་སེམས་བདེ་ལ་འབབ་ཐུབ་པ་སོགས་ཕན་ཐོགས་ཆེན་པོ་ཡོད། ༧གོང་ས་མཆོག་གི་མཚན་གྱི་དབུར་“སྤྱི་ནོར་”ཞེས་པ་ཞིག་ཡོད་པ་དེ། གང་དྲན་དྲན་དུ་བྲིས་བཞག་པ་ཙམ་མ་ཡིན་པར། བོད་མི་སྤྱི་ཡོངས་ཀྱི་མགོན་སྐྱབས་ཉག་གཅིག་ཡིན་པ་ལ་བརྟེན་ནས་རེད། དེར་བརྟེན་འབྲེལ་ཡོད་ཞབས་ཕྱི་བ་ཁག་ཅིག་ཙམ་མ་ཡིན་པར་སྐུ་ཕྱྭའི་གནས་སྟངས་སྐོར་གཞིས་བྱེས་བོད་འབངས་རྒྱ་ཆེའི་མི་མང་ལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚད་ཡོད།
དེ་ཙམ་དུ་མ་ཟད་ཆབ་སྲིད་པ་དང་ཤོག་ཁག་བྱེ་བྲག་པའི་འདོད་དོན་གྱི་ཆེད། ཉེན་ཁ་ལ་མ་འཛེམས་པར་༧གོང་ས་མཆོག་ཟུར་མཇལ་གནང་རྒྱུས་མཚོན་ཡ་ཡུད་ཆེ་བའི་བྱེད་སྟངས་ཁག་ཅིག་ཀྱང་མཐོང་རྒྱུ་ཡོད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་བཟོད་དཀའ་བ་ཞིག་དང་། གོང་དུ་བརྗོད་པ་བཞིན་༧གོང་ས་མཆོག་ཕྱོགས་གཅིག་ཏུ་འཐེན་ཐུབ་པའི་ཐབས་ཤེས་ག་འདྲ་ཞིག་བྱས་ཀྱང་། དོན་དུ་དེ་ནི་༧གོང་ས་མཆོག་གི་མཚན་སྙན་དང་གཟི་བརྗིད་ལ་དོ་སྣང་མ་གནང་བ་དང་། སྤྱི་པའི་རྩ་དོན་ལ་བསམ་བློ་དེ་བས་ཀྱང་མ་བཏང་བ་ཞིག་ཏུ་གྱུར་ཡོད། ད་ལྟའི་གནས་སྐབས་སུ་རྒྱ་ནད་གདུག་པ་ཅན་གྱི་ཉེན་ཁ་ཧ་ཅང་ཆེ་བའི་སྐབས་འདིར་འབྲེལ་ཡོད་རྣམ་པས་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་འགན་མ་ཁུར་ན། མི་དེ་དག་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ཐུ་ལུད་འཕེན་ཡུལ་ཉག་གཅིག་ཏུ་གྱུར་ཡོད། གལ་སྲིད་བློ་ཡུལ་ལས་འདས་པའི་བར་ཆད་རེ་འཕྲད་པའི་དབང་དུ་བཏང་ན། བོད་དོན་འཐབ་རྩོད་ཀྱི་ཐོག་ལ་དེ་ནས་བཟུང་གྲུབ་འབྲས་བཟང་པོ་ཡོང་རྒྱུ་ཧ་ལམ་མེད་པ་ལྟ་བུ་རེད།
མདོར་ན་རྒྱ་ནད་ལ་སྙིང་རྗེ་མེད་པ་དང་། བོད་པ་བསོད་ནམས་དམན་པས་སྐུ་ཕྱྭའི་ཉེན་སྲུང་སྤྱི་དང་། ལྷག་པར་ནད་ཡམས་སྔོན་འགོག་གི་ཐོག་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱེད་དགོས་པ་དང་། དེའི་ཐོག་ནས་འཐུས་ཤོར་ཞིག་ཕྱིན་པའི་དབང་དུ་བཏང་ན་བོད་པ་རང་ཉིད་ཀྱིས་བྱེད་ཐུབ་པ་དང་བྱེད་དགོས་པ་ཞིག་ཆེད་དུ་འཐུས་ཤོར་བཏང་བ་ལྟ་བུར་གྱུར་ཡོད། བོད་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུ་ལྟ་བུ་ལ་མཚོན་ན་རྒྱ་དམར་གཞུང་གི་ངོས་ནས་ཐག་གཅོད་བྱ་རྒྱུའི་བསམ་བློ་གཏན་ནས་མེད་ན། བོད་པའི་ངོས་ནས་གྲ་སྒྲིག་ག་འདྲ་ཞིག་བྱས་ཀྱང་། ལག་པ་ཡ་གཅིག་གིས་བཟློག་པ་མི་ཡོང་བའི་དཔེ་བཞིན་གྲུབ་འབྲས་འབྱུང་ཐབས་མེད་པས། དེའི་ཐོག་ལ་འགྱོད་པ་བྱས་ནས་ཕན་ཐོགས་གང་ཡང་མེད་ཀྱང་། ནད་ཡམས་སྔོན་འགོག་ལ་བརྟེན་ནས་སྐུ་ཕྱྭ་སྲུང་སྐྱོང་བྱ་རྒྱུ་ནི་ང་རང་ཚོའི་ངོས་ནས་བྱེད་ཐུབ་པ་ཞིག་ཡིན་པས། མི་རྒྱུ་གཉིས་ཐད་ནས་གནད་དོན་འདི་ལ་གྲ་སྒྲིག་དང་གདོང་ལེན་ཚད་ལྡན་ཞིག་བྱེད་མ་ཐུབ་ན་འབྲེལ་ཡོད་རྣམ་པ་ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་རྒྱུ་ཉག་གཅིག་ལས་མེད།།