སྐྲ་གཏུབས་ནས་བདེན་པ་དག་སྐྱེལ་གྱི་ལས་འགུལ་སྤེལ་འདུག
ཟླ་འདིའི་ཚེས་༨ ཉིན་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག སིཌ་ཎི་ཁུལ་དུ་ཡོད་པའི་བོད་མི་ཉིས་བརྒྱ་ཙམ་འཛོམས་ནས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུ་མཁན་དག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག སྐབས་དེར་ལས་འགུལ་བ་ཚོས་མ་ཊིན་(Martin) ཞེས་པའི་ས་གནས་ནས་ཁུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་བར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་ལ་བདེན་པ་དག་སྐྱེལ་གྱི་ཆེད་དུ་ལས་འགུལ་བ་བདུན་གྱིས་དབུ་སྐྲ་ཡང་གཏུབས་ཡོད་འདུག

སྐབས་དེར་ང་ཚོའི་གསར་འགོད་པས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚེ་དབང་ཡར་འཕེལ་ལ་སྐྲ་གཏུབས་དགོས་པའི་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་གིས་སོ་སོའི་སྐྲ་གཏུབས་དགོས་དོན་གཙོ་བོ་ནི་ཉེ་ཆར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་བརྙན་ཞིག་བཅད་གཏུབ་བྱས་ནས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུས་ཡོད་པ་ལ་ངོ་རྒོལ་དང་། མི་སྒེར་པ་རེ་ཟུང་དང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་ལ་དབྱེ་ཞིབ་དང་བརྟག་དཔྱད་མ་བྱས་པར་བརྒྱུད་སྤེལ་བྱས་པར་ངོ་རྒོལ་གྱི་ཆེད་དུ་སྐྲ་གཏུབས་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ལས་འགུལ་དེ་དང་འབྲེལ་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ཆར་རྒྱ་ནག་གུང་ཁྲན་གྱི་དཔོན་ངན་ཁག་གིས་ང་ཚོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་། འཛམ་གླིང་ཞི་བདེའི་རླབས་ཆེན་གྱི་དབུ་ཁྲིད་༧གོང་ས་ཏྰ་ལའི་བླ་མ་མཆོག་གི་མཛད་པའི་བརྙན་པར་གཏུབས་ཏེ་༧གོང་ས་ཏྰ་ལའི་བླ་མ་མཆོག་ལ་མཚན་སྨད་ཀྱི་དཀྲོག་གཏམ་བཟོས་པ་དང་། དེ་དག་ལ་ཞིབ་འཇུག་གང་ཡང་མེད་པར་རྒྱལ་སྤྱིའི་ཐོག་གང་བྱུང་བེད་སྤྱོད་ལོག་པར་བྱེད་མཁན་བྱུང་བར་ང་ཚོ་ནང་པའི་རྗེས་འཇུག་ཁག་དང་། བོད་མི་ཡོངས། ཞི་བདེ་ལ་དགའ་བའི་མི་སྡེའི་སྤྱི་ཚོགས་དཀྲུགས་པར་མ་ཟད། ང་ཚོའི་སེམས་ཁམས་ལ་གནོད་འཚེ་ཚད་མེད་བཟོས་པར་བཟོད་ཐབས་བྲལ་བར་བརྟེན། ང་ཚོས་མེས་པོའི་སྲོལ་རྒྱུན་ལྟར་དེ་རིང་ཆུང་བྱིས་པའི་དུས་ནས་བསགས་པའི་ཚོགས་མི་ཁག་གཅིག་གིས་མགོ་བོའི་སྐྲ་གཏུབས་ཏེ་༧གོང་ས་མཆོག་ལ་འགྱུར་མེད་དད་གུས་ཀྱི་ལྷ་ཕྱག་དང་། མེས་པོའི་སྲོལ་བཟང་ལྟར་ཞི་བ་དང་། དྲང་བདེན། ལྷག་བསམ་དཀར་པོའི་སྒོ་ནས་ང་ཚོའི་སེམས་ནང་གི་ན་ཟུག་དང་བདེན་པ་དག་སྐྱེལ་མཚོན་པར་བྱེད་བཞིན་ཡོད། ༧གོང་ས་མཆོག་ལ་མཚན་སྨད་བཟོ་ཐབས་དང་། ང་ཚོའི་རིག་གཞུང་ལ་གུས་བརྩི་མེད་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་འཁོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།