སྤྱི་འཐུས་ཕྱོགས་བསྐྱོད་དགོས་མིན་ཐད་མང་མོས་འོས་བསྡུ་དང་བགྲོ་གླེང་།

ཟླ་འདིའི་ཚེས་༢༢ ་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་།

སྤྱི་འཐུས་གྲོས་ཚོགས།

ལས་རིམ་ལྟར་ཚོགས་ཐུན་དང་པོའི་ཐོག་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་ཆ་ཤས་བླངས་ནས་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་སྤྱི་འཐུས་རྣམས་ནི་མི་མང་དང་འཛིན་སྐྱོང་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པ་དང་། ཕྱོགས་བསྐྱོད་བརྒྱུད་ས་གནས་མི་མང་གི་དཀའ་ངལ་དང་དོགས་འདྲི་སེལ་བར་ཕན་ཐོགས་ཡོད་པ། མང་གཙོའི་སྤྱི་ཚོགས་ནང་འགན་མ་ཁུར་ན་རྙོག་དྲ་ཡོང་གི་ཡོད་པ་དང་མང་གཙོ་ལ་རྒྱུས་ལོན་ལེགས་པོ་དགོས་པས་མི་མང་ལ་ཟབ་སྦྱོང་དང་གོ་རྟོག་སྤེལ་རྒྱུའི་དུས་ཚོད་བསླེབས་ཡོད་པ། མི་མང་གི་ངོས་ནས་དགག་བྱ་དང་དྲི་བ་འདྲི་ཆོག་ན་ཡང་། སྤྱི་འཐུས་རྣམས་ནི་མི་མང་གི་འཐུས་མི་ཞིག་ཡིན་པར་ངོས་འཛིན་ཞུས་པའི་ཐོག་གུས་བཀུར་བྱེད་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་། གྲོས་ཆོད་འདོན་མཁན་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་ས་གནས་མོན་གྷོ་དང་དྷི་མ་པུར་(Dimapur) ་བཅས་སུ་སྤྱི་འཐུས་རྣམ་པས་བཀའ་སློབ་གནང་དུས་མི་མང་རྣམས་ཀྱིས་མ་ཉན་པ་ཕྱིར་ཐོན་ཕྱིན་པ་སོགས་བསྡོམས་རྒྱག་མ་ཐུབ་པ་དང་། དེ་བཞིན་སྤྱི་འཐུས་ནང་ལ་འཚམས་གཟིགས་མ་ཕེབས་མཁན་མང་པོ་ཡོད་པ་དང་། ཕེབས་ནའང་སོ་སོའི་དགོས་མཁོ་དང་འོས་ཤོག་ག་བར་ཡོད་མེད་ལ་བལྟས་ནས་ས་གནས་བརྗེ་མཁན་ཡོད་པར་བརྟེན་གྲོས་ཆོད་དེ་ཁྱེར་ཡོང་བ་ཡིན་ཞེས་གསུངས་སོང་། བགྲོ་གླེང་བྱས་པའི་རྗེས་གཞུང་འབྲེལ་སྤྱི་འཐུས་ཕྱོགས་བསྐྱོད་དགོས་མིན་ཐད་མང་མོས་འོས་བསྡུ་གནང་བར་སྤྱི་འཐུས་༣ ་གྱིས་རྒྱབ་སྐྱོར་དང་སྤྱི་འཐུས་༣༤ ་ཡིས་དགག་བྱ་བྱས་པར་བརྟེན་གྲོས་ཆོད་གྲོས་འཆར་དེ་མར་ཟགས་སོང་།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་། ཕྱི་ལོ་༢༠༠༣ ཟླ་༤ ཚེས་༡ འཁོད་སྐབས་༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པའི་ཡིག་ཆ་ཨང་༤༠ པ་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཨང་༢༠༠༣།༡༣།༥།༥༣ པ་མང་མོས་གཏན་འབེབས་ཀྱིས་”ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་ས་ཆ་ཆ་བགོས་རེའུ་མིག་གཏན་འབེབས་གནང་བ་ལྟར་འགན་འཁུར་ཞུ་རྒྱུ།” ཞེས་སོགས་གསལ་བ་བཞིན་ད་བར་ལག་བསྟར་ཚུལ་བཞིན་བྱུང་མེད་པ་དང་། ད་ལྟའི་ཆར་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་གནས་སྟངས་གང་ལ་བལྟས་ཀྱང་གྲོས་ཆོད་དེ་ཉིད་དགོས་གལ་མ་མཐོང་བས་གྲོས་ཆོད་དེ་ཕྱིར་འཐེན་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་ནང་སྐབས་༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པའི་ཡིག་ཆ་ཨང་༤༠ པ་དང་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པ་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་སྤྱི་མོས་སམ་མང་མོས་གྲོས་ཆོད་ཅེས་འཁོད་འདུག།

རིམ་པས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་བགྲོ་གླེང་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་དང་བླང་དཔྱ་དངུལ་ལག་དེབ་དང་བོད་ཀྱི་བུད་མེད་ནུས་སྟོབས་སོགས་ཀྱི་ཐོག་དགོངས་ཚུལ་དང་དོགས་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་ནས་དཔལ་འབྱོར་ལས་ཁུང་ཀྱི་རྒྱུན་གྲོན་དང་དམིགས་བསལ་སོགས་གཏན་འབེབས་གནང་སོང་།

 གསར་འགོད་པ། བློ་བཟང་རྒྱ་མཚོ།