སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེའི་སྐུ་ཕུང་ནང་མིའི་མོས་མཐུན་མེད་པར་ཞུགས་འབུལ་བྱས་པར་ངོ་རྒོལ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་གིས་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ནང་མིའི་མོས་མཐུན་མེད་པར་ཞུགས་འབུལ་བྱས་པར་སྐྱོན་བརྗོད་དང་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་བཤེར་བྱེད་དགོས་པའི་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་རིང་ཕྱི་ཚེས་༢༡ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཡིས་ཁ་སང་ཕྱི་ཚེས་༢༠ རེས་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་༡ པོ་ཐོག་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེའི་སྐུ་ཕུང་ནང་མིའི་མོས་མཐུན་མེད་པའི་ཐོག་ནས་ཞུགས་འབུལ་བྱས་པར་སྐྱོན་བརྗོད་དང་། རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་བཤེར་བྱེད་དགོས་པའི་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་འཚོགས་གནང་སོང་།
དེ་ཡང་རིན་པོ་ཆེ་ཕྱི་ལོ་༢༠༢༥ ཟླ་བ་༣ པའི་ཟླ་མཇུག་ཏུ་ཝི་ཏི་ནམ་གྱི་གོ་ཅི་མིན་གྲོང་ཁྱེར་གྱི་བཀར་ཉར་ཁང་ཞིག་ཏུ་དོགས་གཞི་ཅན་གྱི་གནས་སྟངས་ཤིག་གི་འོག་ནས་སྐུ་གཤེགས་ཡོད་འདུག་ཅིང་། དེ་རྗེས་གནད་དོན་དེའི་སྐོར་འཕྲལ་དུ་ཛ་དྲག་ཐོག་ནས་ཞིབ་བཤེར་བྱེད་དགོས་པའི་རེ་སྐུལ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་སོགས་ཀྱིས་ཞུས་ཡོད་ཀྱང་། ཡིད་སྐྱོ་བ་ཞིག་ལ་ཁོང་གི་སྐུ་ཕུང་ལ་ཞིབ་བཤེར་དང་རྟག་དཔྱད་གང་ཡང་བྱེད་མ་བཅུག་པ་མ་ཟད། རིན་པོ་ཆེའི་ནང་མི་དང་དགོན་པའི་མོས་མཐུན་མེད་པའི་ཐོག་ནས་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག དེ་ཡང་རིན་པོ་ཆེ་སྐུ་གྲོངས་རྗེས་སྐུ་ཕུང་འཇོག་ཡུལ་ (Vinmec Central Park International Hospital) ཟེར་བའི་སྨན་ཁང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༤༡ སར་ཆགས་པའི་ལོང་ཐོ་ (Long Thọ Cremation Park) དུར་ཁྲོད་དུ་གདན་འདྲེན་ཞུས་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་པ་ལས།
སྐབས་དེར་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཝི་ཏི་ནམ་འབྲེལ་ཡོད་ཚན་པས། འབྲེལ་ཡོད་ལུང་སྔོན་དགོན་པའི་དགེ་འདུན་པ་ཚོ་མགྲོན་ཁང་དུ་བཅུག་ཡོད་འདུག་པས། དམ་དྲག་དང་གསང་བའི་ཐོག་ནས་སྐུ་ཕུང་ཞུགས་འབུལ་བྱས་ཡོད་མེད་དང་། ཇི་ལྟར་བྱས་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་གི་མེད་པ་རེད་འདུག བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་པོས་རིན་པོ་ཆེ་འཛིན་བཟུང་དང་། བཀག་ཉར་ཁང་དུ་རྐྱེན་འདས་སུ་གྱུར་པ། དེ་བཞིན་ནང་མིའི་ཆོག་མཆན་གང་ཡང་མེད་པར་སྐུ་ཕུང་ཞུགས་འབུལ་བྱས་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་ལས་བརྒལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་ཅིང་། དེ་ནི་དྲང་བདེན་ཐོག་ནས་ཞིབ་བཤེར་བྱེད་རྒྱུ་ལ་འགོག་རྐྱེན་བཟོས་པ་ཡིན་པ་ངོས་འཛིན་བྱས་ནས་ཁོང་འཛིན་བཟུང་དང་རྐྱེན་འདས་སུ་གྱུར་པའི་གནད་དོན་ནང་རྒྱ་ནག་གཞུང་ཐད་ཀར་འབྲེལ་བ་ཡོད་པའི་དོགས་གཞི་ཆེན་པོ་ཡོད་པར་བརྗོད་སོང་། དེར་བརྟེན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་པོས་སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེ་བཀག་ཉར་དང་རྐྱེན་འདས་ཀྱི་གནས་ཚུལ་བྱུང་བ་དེ་ལ་ཐད་ཀར་རྒྱལ་སྤྱིའི་ཚད་གཞི་དང་ལྡན་པའི་ཕྱི་གསལ་ནང་གསལ་གྱི་ཞིབ་བཤེར་ཆ་ཚང་བ་ཞིག་བྱེད་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་པར་བརྗོད་སོང་།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་མཁན་པོ་འཇུ་བསྟན་སྐྱོང་གིས་། ཝི་ཏི་ནམ་དུ་རིན་པོ་ཆེའི་སྐུ་ཕུང་གདན་ཞུར་ཆེད་ཕེབས་གནང་བའི་དགེ་འདུན་པ་ལྔ་པོའི་བདེ་འཇགས་ལ་མ་འོངས་པར་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན་པ་དང་། ད་ལྟ་ལུང་སྔོན་དགོན་པར་དཀའ་ངལ་ཚད་མེད་འཕྲད་བཞིན་ཡོད་ཅིང་། རིན་པོ་ཆེའི་སྐུ་པར་དང་གནས་ཚུལ་ཁྱབ་སྤེལ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད། གལ་ཏེ་རྒྱ་ནག་གཞུང་གི་བཀའ་དང་ལེན་མ་བྱས་ཚེ་དགོན་པ་སྒོ་རྒྱག་གི་ཡིན་ཞེས་སྡིགས་ར་ཡང་ཡང་བསྐུལ་པ་དང་། དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད་པར་བརྗོད་པ་དང་། ད་དུང་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་དེ་འདི་ལྟར་གསང་བ་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གི་ངན་བྱུས་འོག་རིན་པོ་ཆེ་སྐུ་བཀྲོངས་པ་མ་ཟད། རིན་པོ་ཆེའི་སྐུ་ཕུང་གི་གནས་སྟངས་དང་འབྲེལ་གནད་དོན་གལ་ཆེན་ཞིག་སྦས་ཡོད་པ་ཧ་ཅང་གསལ་པོ་ཡིན་པར་བརྗོད་སོང་།
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མས་ང་ཚོས་ཝི་ཏི་ནམ་གཞུང་གིས་སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེ་རྐྱེན་འདས་ཀྱི་གནད་དོན་ཐད་ཕྱོགས་ཡོངས་ནས་འགན་ཁུར་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱ་རྒྱུ་ཡིན་པ་དང་། དེའི་ནང་སྐུ་ཕུང་ལ་ཞིབ་བཤེར་མ་བྱས་པ་དང་། སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པ་བཅས་ཀྱི་ཐད་ཝི་ཏི་ནམ་གཞུང་དང་རྒྱ་ནག་གཞུང་དབར་ངན་པ་ལག་སྦྲེལ་བྱས་ཡོད་པ་གསལ་པོ་ཆགས་ཡོད་པ་སོང་། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཁྲིམས་ཆད་ལག་བསྟར་བྱེད་དགོས་པར་བརྗོད་སོང་། དེ་བཞིན་སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེ་ཁོང་བཀག་ཉར་ཁང་དུ་རྒྱུ་མཚན་ཁ་གསལ་མེད་པའི་ཐོག་ནས་འདས་གྲོངས་སུ་གྱུར་པ་ནི་དྲང་བདེན་མིན་པའི་གནད་དོན་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་བའི་བྱ་སྤྱོད་ཡིན་པ་གསལ་པོ་རེད་ཅེས་དང་། དགུང་ལོ་༥༦ ཙམ་ཕེབས་པའི་སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེ་ནི་བོད་ཀྱི་སློབ་གསོ་བ་ཞིག་དང་། ལྟ་གྲུབ་སྨྲ་བ། སྙན་ངག་པ། སྒྱུ་རྩལ་བ། ལོ་ཙ་བ། ནང་པའི་བླ་སྤྲུལ་གྲགས་ཅན་ཞིག་ཡིན་པས། ཁོང་ལ་ད་བར་རྒྱལ་ཕྱི་ནང་གཉིས་ལ་སློབ་མ་སྟོང་ཚོ་མང་པོའི་རང་རང་གི་འདོད་བློ་དང་མཐུན་པའི་ཐོག་ནས་ཆོས་ཀྱི་གདམས་ངག་གནང་ཞིང་། ཁོང་གིས་བོད་ནང་ལག་རྩལ་སློབ་གྲྭ་དང་། སྨན་ཁང་། དཔེ་མཛོད། རྒན་གསོ་ཁང་སོགས་ཀྱི་སྤྱི་ཚོགས་ལ་ཕན་པའི་བྱ་བ་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་ཀྱང་། ཁོང་གློ་བུར་དུ་དོགས་གཞི་ཅན་གྱི་གནས་སྟངས་ཤིག་གི་འོག་རྐྱེན་འདས་སུ་གྱུར་པ་ནི་བོད་མི་ཙམ་མ་ཟད། མི་རིགས་གཞན་རྣམས་ལ་ཡང་གྱོང་གུད་ཆེན་པོ་ཡིན་པར་བརྗོད་སོང་།
ཐེངས་འདིར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་པོས་དོན་ཚན་གསུམ་ཅན་གྱི་དགོས་འདུན་ཞིག་བཏོན་གནང་སོང་།
༡ སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེ་རྐྱེན་འདས་སུ་གྱུར་པའི་གནས་སྟངས་ཐད་ཕྱི་གསལ་ནང་གསལ་གྱི་ཞིབ་མཇུག་ཆ་ཚང་བ་ཞིག་བྱེད་དགོས་པའི་དགོས་འདུན་དང་།
༢ ཕྱི་རྒྱལ་སྲིད་གཞུང་ཁག་ནས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་ལན་འདེབས་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་དང་། བོད་ནང་གི་སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེའི་དགོན་པར་དམ་དྲག་ཤུགས་ཆེ་རུ་བཏང་བ་དང་། ཉེན་སྲུང་ཐབས་ལམ་སྐོར་གྱི་ལན་འདེབས་ཕུལ་ཆེད། ཕྱི་རྒྱལ་སྲིད་གཞུང་ཁག་ནས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་རྒྱུ་དང་། དེ་བཞིན་དེ་དག་ལ་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ།
༣ མཉམ་འབྲེལ་རྒྱལ་ཚོགས་ལ། སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེ་ཁྲིམས་མཐུན་མིན་པར་དམར་གསོད་བཏང་བ་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་དང་། སྤྲུལ་སྐུ་ཧཱུྃ་དཀར་རིན་པོ་ཆེའི་རྐྱེན་འདས་དང་འབྲེལ་བའི་གནོད་དོན་ཁག་ལ་ངན་བྱུས་དང་། འཆར་གཞི་བཟོ་མཁན། ལག་བསྟར་བྱེད་མཁན་ཡོངས་རྫོགས་ངོས་འཛིན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་བཅས་བརྗོད་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།