སྨོན་ལམ་མངོན་འགྱུར་གྱི་མཛད་སྒོ་ཐེངས་གསུམ་པ་འཚོགས་སོང།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྨོན་ལམ་ཚིག་མཛོད་དེ་ཧ་ཅང་དར་ཁྱབ་ཆེན་པོ་ཡིན་པ་དང་། ད་ཆར་འབུམ་རམས་པ་དགེ་བཤེས་སྨོན་ལམ་ནས་སྨོན་ལམ་ཚིག་མཛོད་གཅིག་པུ་མ་ཡིན་པར། སྨོན་ལམ་ཚིག་མཛོད་དང་འབྲེལ་བའི་དེང་རབས་མཉེན་ཆས་དང་། སྨོན་ལམ་རིག་ནུས་དྲ་ཚིགས་སོགས་མང་པོ་ཞིག་བཟོ་བཞིན་ཡོད་པ་ལྟར། ཁ་སང་དགོང་མོར་སྨོན་ལམ་མངོན་འགྱུར་གསུམ་པ་ཞིག་དབུ་འབྱེད་གནང་སོང་།


ཕྱི་ཚེས་༣ ཉིན་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྨོན་ལམ་མངོན་འགྱུར་གྱི་མཛད་སྒོ་ཞིག་འཚོགས་ཤིང་། སྐབས་དེར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་བོད་ཡིག་བཞི་པ་དང་། སྨོན་ལམ་ཚིག་མཛོད་མོའི་མཉེན་ཆས་གསར་པ། སྨོན་ལམ་རིག་ནུས་དྲ་ཚིགས། བརྡ་མཛོད་ཆེན་མོ་བཅས་མངོན་གྱུར་བཞི་དབུ་འབྱེད་དང་ངོ་སྤྲོད་གནང་སོང་། མཛད་སྒོའི་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཁག་ཅིག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དང་། ཚོགས་སྡེ་ཁག་གི་སྐུ་ཚབ། ཕྱི་རྒྱལ་རོགས་ཚོགས་ཁག་གི་སྐུ་ཚབ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དང་སློབ་མ་སོགས་འཛོམས་འདུག
སྐབས་དེར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་སྨོན་ལམ་ལ་འདི་གར་གསར་ཁང་ནས་བཅར་འདྲི་ཞུས་པར་ཁོང་གིས། ཕྱི་ཟླ་༡༡ ཚེས་༣ ཉིན་དེ་སྨོན་ལམ་མངོན་འགྱུར་དང་འབྲེལ་བའི་མཛད་སྒོ་ལོ་རྟག་འཚོགས་ནས་ད་ལོ་ལོ་གསུམ་པ་དེ་ཡིན་པ་དང་། ལོ་རེ་བཞིན་འདི་འདྲ་ཚོགས་དགོས་དོན་ནི་གཙོ་བོ་མི་མང་ལ་ཁྱབ་བསྒྲགས་དང་། གོ་རྟོགས་སྤེལ་ཐབས་ཆེད་དུ་ཡིན་ཞེས་གསུངས་སོང་།
དེ་བཞིན་ད་ལོ་ཨ་རིའི་གཞུང་གིས་རོགས་དངུལ་བཀག་པ་ལ་བརྟེན་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་འཆར་ལ་དཀའ་ངལ་འཕྲད་ཡོད་མེད་སྐོར་འདྲི་སྐབས། ཁོང་ནས་དཀའ་ངལ་འཕྲད་ཡོད་པ་དང་། AI མི་བཟོས་རིག་ནུས་ལ་སློབ་སྦྱོང་སྤྲོད་སྐབས་དངུལ་གྱི་འགྲོ་སོང་དེ་ཧ་ཅང་ཕོན་ཆེན་པོ་ཡིན་ཞིང་། སྐབས་དེར་ཁྱོན་ལས་མི་༢༠༠ ཙམ་ལ་ལས་ཀ་སྤྲོད་ཀྱི་ཡོད་པ་དང་། ཉིན་རེར་ཨ་སྒོར་སྟོང་ཕྲག་གསུམ་བཞི་དང་ལོ་རེ་ཨ་སྒོར་ས་ཡ་གཅིག་མ་ཟིན་ཙམ་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་དུས། རོགས་དངུལ་ཆད་དུས་དཀའ་ངལ་འཕྲད་ཡོད་ཀྱང་། ལས་ཀ་དེ་གལ་ཆེན་པོ་ཡིན་དུས་ཐབས་བརྒྱ་བྱུས་སྟོང་ཐོག་ནས་ད་ལྟ་ལས་ཀ་དེ་སྔར་ལས་ལྷག་པ་ལྟ་བུ་ཞིག་བྱུང་སོང་ཞེས་བརྗོད།
སྨོན་ལམ་རིག་ནུས་དེ་སྔར་དང་མི་འདྲ་བའི་ད་ལོ་དམིགས་བསལ་ཡར་རྒྱས་གང་བཏང་ཡོད་མེད་དྲིས་པར། ཁོང་གིས་ད་ལོ་སྨོན་ལམ་རིག་ནུས་ནང་བོད་ཡིག་གི་རྒྱུ་ཆ་ལྡབ་གསུམ་མང་དུ་བཏང་ཡོད་པ་དང་། སྨོན་ལམ་མེ་ལོང་ནང་སྐད་ཡིག་༡༤༠ ལྷག་ཙམ་ལ་བསྒྱུར་ཐུབ་ཅིང་། ཡིག་བསྒྱུར་རང་ཉིད་ཀྱིས་བྱེད་པ་ཡིན་ན་ཡིག་བསྒྱུར་ཚད་ལྡན་སྐད་ཡིག་དགུ་ནང་བྱེད་ཐུབ་ཀྱི་ཡོད་པ། དེ་སྔོན་མི་མང་ཁྲོད་ནས་བསམ་ཚུལ་མང་པོ་ཞིག་ད་ལོ་གཙང་མ་བཟོ་ཐུབ་ཡོད་ཅེས་བརྗོད་སོང་།
སྤྱིར་བཏང་ད་ལོ་བོད་ཀྱི་བརྡ་སྤྲོད་དང་། སྙན་ངག རྩོམ་རིག ལོ་རྒྱུས་སོགས་ལ་ཤུགས་རྒྱག་རྒྱུའི་དམིགས་ཡུལ་བཟུང་ཡོད་ཅིང་། ལོ་རྗེས་མ་རིག་པའི་གནས་གཞན་ལ་ཤུགས་རྒྱག་རྒྱུ་ཡིན་ཞེས་བརྗོད། ད་ལྟ་སྨོན་ལམ་རིག་ནུས་ནང་བོད་ཡིག་ཚིག་ཐེར་འབུམ་༡༨ ཡོད་པ་དང་། མ་འོངས་པར་ཚིག་ཐེར་འབུམ་༥༠ བཟོ་ཐུབ་རྒྱུའི་དམིགས་ཡུལ་ཡོད་པ་བརྗོད་ཀྱི་འདུག གལ་སྲིད་རིག་ནུས་ནང་སྐད་ཡིག་གཅིག་གི་ཚིག་ཐེར་འབུམ་༥༠ སློབ་སྦྱོང་སྤྲོད་ཐུབ་ཡིན་ན་སྐད་ཡིག་དེ་ཧ་ཅང་ཕྱུག་པོ་ཆགས་ཀྱི་ཡོད་ཅེས་བརྗོད་སོང་།
སྨོན་ལམ་བརྡ་མཛོད་ཆེན་མོའི་རྒྱུ་ཆ་འཚོལ་སྒྲུབ་བྱེད་པར་བོད་ཀྱི་དཔེ་མཛོད་ཁང་དང་། དྲ་ཐོག་གི་དཔེ་མཛོད་ཁང་། གཞུང་། སྒེར། གསར་ཁང་ཁག དགོན་སྡེ་ཁག་སོགས་ནས་ཡིག་ཆ་མང་པོ་མཁོ་སྒྲུབ་བྱས་ཡོད་པ་དང་། ཚིག་གི་ཆ་ཤས་ཐེར་འབུམ་༢༤ མཁོ་སྒྲུབ་བྱས་པའི་ནང་ནས་ཐེར་འབུམ་༡༨ བོད་ཡིག་ཁོ་ནའི་རྒྱུ་ཆ་ཕྱོགས་སྒྲིག་བྱེད་ཐུབ་ཡོད་ལ། དེབ་༡༤༠,༠༠༠ ཡི་རྒྱུ་ཆ་མཁོ་སྒྲུབ་བྱས་ཡོད་ཅེས་བརྗོད། རྒྱུ་ཆ་ལ་རིམ་པ་གསུམ་གྱི་ཐོག་ནས་དབྱེ་ཞིབ་བྱས་ཡོད། དེ་ཡང་རྒྱུ་ཆ་ཚད་ལྡན་ཡིན་མིན་དང་། ཉེར་མཁོའི་རྒྱུ་ཆ་གང་ཡིན་པ། ཁུངས་ཐུབ་ཡིན་མིན་སོགས་ལ་ཞིབ་འཇུག་བྱས་ཡོད་སྐོར་དང་། རྒྱུ་ཆ་ཕྱོགས་བསྒྲིགས་བྱས་པར་བོད་ཀྱི་གནའ་སྔ་མོའི་ཐུན་མོང་མ་ཡིན་པའི་རིག་གནས་བཅུའི་ནང་སྡེ་ཚན་དུ་དབྱེ་ཡོད་སྐོར་དང་། འགྲེལ་བཤད་ཀྱི་ཚད་གཞི་སྡེ་ཚན་༧༥ གཏན་འབེབས་བྱས་ཡོད་སྐོར། རྩོམ་སྒྲིག་དངོས་སུ་བྱས་པར་ཆེད་ལས་པ་༢༠ ཡིས་དྲི་བ་དྲིས་ལན་༤,༥༠༠,༠༠༠ བསྒྲིགས་ཐུབ་ཡོད་སྐོར་དང་། མ་འོངས་པར་དེ་ལས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག།
གསར་འགོད། བསོད་ནམས་ཕུན་ཚོགས།