སྲིད་སྐྱོང་ཅེཀ་རྒྱལ་ཁབ་ཏུ་༸སྐུའི་གོ་སྟོན་སྲུང་བརྩིའི་སྐབས་མཉམ་ཞུགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཡུ་རོབ་རྒྱལ་ཁབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་བྱས་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཡོད་པའི་(Vinohrady)གློག་བརྙན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་ཅེཀ་སྲིད་འཛིན་དམ་པ་སྐུ་ཞབས་ཝ་ཁེ་ལེབ་ཧ་ཝེལ་(Vaclav Havel)དགུང་གྲངས་༨༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་དགོང་ཚིགས་རྒྱས་སྟོན་ཐོག་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལྷན་བཅར་ཞུས་ཡོད་འདུག དུས་སྟོན་དེ་བཞིན་ Češi Tibet podporují )དང་ཝ་ཁེ་ལེབ་ཧ་ཝེལ་གྱི་དཔེ་མཛོད། (United Islands )བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག མཛད་སྒོའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་(Petr Pavel)དང་། ཅེཀ་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཇིཊི་ཀ་སེ་ཌི་ལོ་ཝ་(Jitka Seitlova) རྒྱལ་ས་པ་རག་གི་གྲོང་སྡེ་སྤྱི་ཁྱབ་པ་བོ་ཧུ་སི་ལ་བི་སི་བོ་ད་(Bohuslav Svoboda)ཡིས་གཙོས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་དང་། ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ། རུ་སོག་ཆེ་མཐོའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་བཅས་ཕེབས་ཡོད་འདུག སྐབས་དེར་ཀེ་ཊེ་རི་ན་བྷུར་སི་ཀོ་བ་ཇེཀ་(Kateřina Bursíková Jacques)དང་ཀེ་ཊེ་རི་ན་པོ་རོ་ཆ་ཛོ་ཀ་བ་ (Kateřina Procházková)ཡིས་བརྩམས་པའི་(The Dalai Lama & Havel – Warriors for Truth & Love: A Story of Exceptional Friendship as Inspiration for Today’s Troubled World)ཞེས་པའི་དཔེ་དེབ་དབུ་འབྱེད་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྲིད་འཛིན་དམ་པ་ཝ་ཁེ་ལེབ་ཧ་ཝེལ་གྱི་མཛད་རྗེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་ཡོངས་ལ་བསྩལ་བའི་བཀའ་སློབ་ལ་དྲན་གསོ་བྱེད་པའི་དུས་སྟོན་གལ་ཆེན་ཞིག་ཆགས་ཡོད་པ། དེ་བཞིན་ཁོང་རྣམ་གཉིས་ནས་དམར་ཤོག་སྲིད་གཞུང་གི་གཉའ་གནོན་འོག་མི་མང་བཅིངས་གྲོལ་གཏོང་བའི་འཐབ་རྩོད་ལ་དཀའ་སྡུག་མྱངས་ཡོད་མོད། ད་ལྟའི་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིིན་ཡང་བོད་ནི་ད་དུང་དཀའ་སྡུག་མྱོང་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་འདུག དེ་བཞིན་སྲིད་སྐྱོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་མགོན་པོ་གང་ཉིད་འཛམ་གླིང་འདིའི་མི་དུང་ཕྱུར་བརྒྱད་ཅུའི་ནང་ནས་གཅིག་ཡིན་པ་དང་། དེ་བཞིན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་། རང་དབང་། ཆེ་མཐོང་། མང་གཙོ་བཅས་ཀྱི་རིན་ཐང་གོང་འཕེལ་གཏོང་བ་ནི་ལས་འགན་ཞིག་ཡིན་པ་ལུང་འདྲེན་གནང་ཡོད་འདུག སྲིད་སྐྱོང་གིས་ད་ལྟའི་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་མང་གཙོ་ལོངས་སུ་སྤྱོད་བཞིན་པ་ལྟར། བཙན་བྱོལ་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག གཞན་ཡང་སྲིད་སྐྱོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སཱི་ཤེས་ཡོན་ཐོག་ལའང་འགྲེལ་བརྗོད་གནང་ཡོད་པ་བཅས་བཀོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།