ཧྥ་རན་སིའི་སྲིད་འཛིན་ལ་མི་ཞིག་གིས་འགྲམ་ལྕག་གཞུས་འདུག
གཞུང་འབྲེལ་ཕྱོགས་སྐྱོད་སྐབས་སུ་ཧྥ་རན་སིའི་སྲིད་འཛིན་གྱིས་མི་མང་དང་ཐུག་འཕྲད་བྱེད་བཞིན་པའི་སྐབས་སུ། མི་ཞིག་གིས་ཁོང་ལ་འགྲམ་ལྕག་གཞུས་འདུག་ཀྱང་། ཁོང་གིས་མི་དེ་རིགས་གལ་ཆེན་འཛིན་ནས་དོ་སྣང་བྱེད་པའི་འོས་བབ་མེད་སྐོར་བརྗོད་འདུག
ཟླ་༦ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་སྲིད་འཛིན་ཨཱི་མོལ་མཱེར་ཁོན་གྱིས་རྒྱལ་ནང་དུ་ཕྱོགས་སྐྱོད་ལས་དོན་ཞིག་སྤེལ་བཞིན་ཡོད་འདུག་པ་དང་། ཉེ་ཆར་ཧྥ་རན་སིའི་ལྷོ་ཤར་ཕྱོགས་སུ་ཕྱོགས་སྐྱོད་བྱེད་བཞིན་པའི་སྐབས་སུ། མི་མང་དང་ཐུག་འཕྲད་བྱས་འདུག སྐབས་དེར་མི་མང་ཁྲོད་ནས་མི་ཞིག་གིས་སྲིད་འཛིན་ཁོང་ལ་འགྲམ་ལྕག་གཞུས་འདུག་པ་དང་། ཁ་ནས་མཱེར་ཁོན་གྱི་སྲིད་དབང་རིང་ལུགས་ལ་ངོ་རྒོལ་ཡོད་ཅེས་སྐད་བརྒྱབ་པ་མ་ཟད། མི་དེས་ཧྥ་རན་སིའི་སྲིད་དབང་ལམ་ལུགས་དེ་རྒྱལ་པོའི་ལམ་ལུགས་ཡིན་སྐབས་ཀྱི་དམག་འཐབ་སྐབས་འབོད་སྒྲ་ཞིག་བརྒྱབ་ཡོད་པ་རེད་འདུག གནད་དོན་དེ་དང་འབྲེལ་ནས་མི་གཉིས་འཛིན་བཟུང་བྱས་འདུག་པ་དང་། ད་ལྟའི་ཆར་འགྲམ་ལྕག་གཞུ་མཁན་གྱི་མི་དེའི་དམིགས་ཡུལ་དང་རྒྱབ་ལྗོངས་སྐོར་གང་ཡང་གསལ་བསྒྲགས་བྱས་མི་འདུག
གནད་དོན་དེ་བྱུང་བའི་རྗེས་སུ་སྲིད་འཛིན་ཁོང་དུས་ཡུན་ཐུང་ངུ་ཞིག་གི་རིང་མང་ཚོགས་འགྲམ་དུ་སླར་ཡང་སླེབས་ནས་གླེང་མོལ་བྱས་ཡོད་པ་རེད་འདུག སྲིད་འཛིན་ཁོང་གིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་ཚབས་ཆེན་ཡིན་པ་ངོས་འཛིན་བྱས་མེད་ཁར། དྲག་སྤྱོད་པ་དེ་རིགས་ཐོག་ལ་མང་ཚོགས་ཀྱི་སྡིང་ཆར་བགྲོ་གླེང་བྱེད་པའི་འོས་བབ་མེད་སྐོར་དང། ཁོང་གིས་ལས་དོན་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་ལས། སུ་གང་གིས་ཁོང་བཀག་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
གནད་དོན་དེ་དང་འབྲེལ་ནས་ཧྥ་རན་སིའི་སྲིད་བློན་ཇཱིན་ཁཱསེ་ཀྲེག་གིས་མང་གཙོ་ཟེར་ན་བགྲོ་གླེང་དང་བསམ་ཚུལ་འགལ་བ་འབྱུང་རྒྱུ་ཡིན་པ་གོ་ཡི་ཡོད་ཀྱང་། དྲག་སྤྱོད་དང་ཚིག་ངན་སྨྲ་བ་སོགས་ནམ་ཡང་གོ་ཡི་མེད་སྐོར་བརྗོད་འདུག དེ་བཞིན་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་ལྕམ་ལཱི་པེན་གྱིས་ཀྱང་གནད་དོན་དེར་སྐྱོན་བརྗོད་བྱས་ཏེ། མང་གཙོའི་བགྲོ་གླེང་དེ་རྩུབ་པོ་སོགས་ལྡན་པ་ཡོང་སྲིད་ཀྱང་། ལུས་པོའི་དྲག་སྤྱོད་དེར་ནམ་ཡང་ངོས་ལེན་བྱེད་ཐབས་མེད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།