ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་འཆར་ལ་མང་མོས་ཀྱིས་གཏན་འབེབས་གནང་།
ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མང་མོས་ཀྱིས་གཏན་འབེབས་གནང་འདུག ཟླ་འདིའི་ཚེས་༡༣ ཉིན་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཧན་(Jim McGovern) དང་མ་ཧི་ཀལ་མེག་ཀོལ་ (Michael McCaul) སོགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་ཡོད་པ་དང་། ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་འོས་བསྡུ་གནང་ཡོད་འདུག

སྐབས་དེར་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༦ དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༥ ་བཅས་ཁྱོན་བསྡོམས་འཐུས་མི་༡༡ གིས་འོས་བསྡུའི་ནང་མཉམ་ཞུགས་བྱས་མེད་པ་དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༨ ་ཀྱིས་ཁྲིམས་འཆར་ལ་དགག་བྱ་བྱས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༡༨༥ དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༢༠༧ བཅས་འཐུས་མི་༣༩༢ ཀྱིས་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་མང་མོས་ཀྱིས་གཏན་འབེབས་གནང་ཡོད་འདུག ཁྲིམས་འཆར་དེ་ནི་སྔ་ལོའི་ཕྱི་ཟླ་༡༡ ཚེས་༢༩ ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་ཉན་ཞིབ་གནང་རྗེས་ཚོགས་ཆུང་སྤྱི་མོས་ཐོག་ནས་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་ཡོད་པ་དེ་ཆགས་ཡོད་འདུག
ཁྲིམས་འཆར་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། ༸གོང་ས་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་སུ་རྒྱབ་སྐྱོར་བསྐྱར་ནན་གནང་བ་ཞིག་ཆགས་ཡོད་པ་མ་ཟད། ཁྲིམས་འཆར་འདིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནའ་དུས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལོ་རྒྱུས་ཐོག་ནས་བདེན་པ་མིན་པའི་གསལ་སྟོན་བྱས་པ་དང་སྦྲགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། དགའ་ལྡན་ཕོ་བྲང་ཐེ་བའི་སྒྲིག་འཛུགས་ཀྱི་སྐོར་འཁྱོག་བཤད་བྱེད་བཞིན་པར་ཁ་གཏད་གཅོག་རྒྱུར་དབང་ཚད་སྤྲད་ཡོད་འདུག
ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་བར་གྲོས་མོལ་ཐེངས་དགུ་གནང་རྗེས་རྒྱ་གཞུང་གིས་གྲོས་མོལ་མཚམས་འཇོག་བྱས་ཤིང་། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གོམས་སྲོལ་བཅས་རྩ་མེད་བཟོ་ཐབས་དང་། བོད་མིའི་ངོ་བོ་ནག་སུབ་གཏོང་ཆེད་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དང་ལས་གཞི་རིམ་པ་ལག་བསྟར་བྱེད་བཞིན་ཡོད་འདུག ཨ་རི་ལ་རྟེན་གཞི་བྱས་པའི་རང་དབང་ཁང་པའི་སྙན་ཐོ་ལ་ལྟར་ན། རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་༦༠ ལྷག་ཕྱིན་པའི་རྗེས། བོད་ནི་སི་རི་ཡ་དང་སུ་ཌན་དང་མཚུངས་པ་འཛམ་གླིང་ཐོག་རང་དབང་མེད་ཤོས་ཀྱི་རྒྱལ་ཁབ་གཅིག་ཏུ་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།