༸གོང་ས་མཆོག་ཉི་ཧོང་དུ་ཕེབས་རྒྱུ་ཡིན་པ་རེད།

དགོན་པ་དེའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་མཁན་པོ་དང་མཇལ་འཕྲད་མཛད་རྒྱུ་དང༌། དེ་རྗེས་ྋགོང་ས་མཆོག་གིས་དམིགས་བསལ་བཀའ་སློབ་གནང་རྒྱུ་མ་ཟད། ནང་པ་སངས་རྒྱས་པའི་རྗེས་འཇུག་ནང་ཁུལ་གྱི་འབྲེལ་བ་དམ་ཟབ་གཏོང་ཆེད་དང། དེ་བཞིན་《དེང་དུས་འཛམ་གླིང་གི་ལམ་སྟོན་བཟང་པོའི་འོད་སྣང༌》ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་ཡིན་པ་དང། དེར་མང་ཚོགས་༧༠༠༠ ཙམ་ཚོགས་བཅར་ཞུ་འཆར་ཡོད་པ་རེད་འདུག

ཛེན་ཀོ་ཇི་དགོན་པས་ཕྱི་ལོ་༢༠༠༨ ལོར་རྒྱ་ནག་རྒྱལ་ས་པེ་ཅིང་ནང་འཛམ་གླིང་ཨོ་ལེམ་པིག་རྩེད་དཔལ་འབར་ས་ཁུལ་དེར་སྐོར་སྐྱོད་བྱེད་རྒྱུར་དང་ལེན་མ་བྱས་པར་རྒྱལ་སྤྱིའི་ནང་སྐད་གྲགས་བྱུང་ཡོད་པ་རེད། སྐབས་དེར་དགོན་པའི་འཛིན་སྐྱོང་འགན་འཛིན་མཆོག་གིས་གསར་འགོད་པ་ཚོར། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཞིག་ཡིན་པའི་ཆ་ནས་བོད་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་ལག་བསྟར་གང་བྱས་པ་དེར་སྣང་མེད་དུ་སྡོད་ཐབས་མེད་ཚུལ་གྱི་འགྲེལ་བརྗོད་ཀྱང་བྱས་ཡོད་པ་རེད།

གཞན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སའེ་ཧོ་ཇི་དགོན་པར་ཕེབས་རྒྱུ་དང། དེར་དགེ་འདུན་པ་རྣམས་ལ་བཀའ་སློབ་དང༌། འོད་དཔག་མེད་ཀྱི་སྐུ་བརྙན་གསར་བཞེངས་མཐོ་ཚད་ཕི་ཊི་༨ ཙམ་ཡོད་པ་དེར་རབ་གནས་མཛད་རྒྱུ་ཡིན་འདུག ཕྱི་ཚེས་༢༦ ཉིན་ཉི་ཧོང་གི་རྒྱལ་ས་ཐོ་ཀྱོ་རུ་ཡོ་ཀོ་ཧ་མ་གྲེམས་སྟོན་ཁང་དུ་རྟེན་འབྲེལ་བསྟོད་པ་དང་སེམས་བསྐྱེད་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག ཉིན་རྒྱབ་ཏུ་མང་ཚོགས་ལ་བདེ་སྐྱིད་ཀྱི་སྙིང་པོ་དང༌། འཆམ་མཐུན་ངང་འཚོ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང༌། སྐབས་དེར་ཀོ་རི་ཡ་དང༌། སོག་པོ། ཨུ་རུ་སུ། ཐེ་ན་སོགས་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་འདུ་འཛོམས་ཡོང་གི་ཡོད་པ་རེད་འདུག །