ཨ་རིའི་སྲིད་འཛིན་ཟུར་པ་ཇོ་བྷ་ཌན་གྱི་གཅིན་ལྒང་ལ་སྐྲན་ནད་ཕོག་ནས་ཉེན་ཁའི་གནས་སུ་ལྷུང་འདུག

ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་དགུང་ལོ་ཆེ་ཤོས་ཡིན་པ་ཇོ་བྷ་ཌན་ད་ཆར་གཅིན་ལྒང་ལ་སྐྲན་ནད་ཕོག་ནས་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད་འདུག་ཅིང་། སྐྲན་ནད་དེས་ཁོང་གི་གཟུགས་པོའི་རུས་པ་ཡོངས་རྫོགས་ལ་ཁྱབ་ཤོར་སྲིད་པ་སྨན་པས་བརྗོད་འདུག 

ཕྱི་ཚེས་༡༩ ཉིན་བྷི་བྷི་སི་གསར་ཁང་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཟུར་པ་ཇོ་བྷ་ཌན་ད་ཆར་གཅིན་ལྒང་ལ་སྐྲན་ནད་ཕོག་ཡོད་འདུག་ཅིང་། ཁོང་ད་ཆར་དགུང་ལོ་༨༢ ཡིན་པ་དང་། བདུན་ཕྲག་སྔོན་མར་ཇོ་བྷ་ཌན་གྱི་གཅིན་པ་ནས་ནད་རྟགས་མངོན་ཡོད་འདུག་ཅིང་། གཟའ་པ་སངས་ཉིན་ཁོང་གི་གཅིན་ལྒང་ལ་སྐྲན་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག སྐྲན་ནད་ལ་ཚད་གཞི་འདྲ་མིན་ཡོད་འདུག་ཅིང་། ཁོང་གི་ནད་གཞི་ཡི་ཚད་ནི་བཅུ་ནས་དགུ་ཡིན་འདུག་པས། སྨན་པས་ནད་གཞི་ཛ་དྲག་ཡིན་པ་དང་། ལུས་ཀྱི་ཆ་ཤས་གཞན་ལ་ཁྱབ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག ཨ་རིའི་ནད་གཞི་སྔོན་འགོག་ལྟེ་གནས་ཁང་ནས་སྐྲན་ནད་ནི་ད་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཁྲོད་ཧ་ཅང་ཁྱབ་གདལ་ཆེ་བའི་ནད་རིགས་ཤིག་ཡིན་པ་དང་། གཅིན་ལྒང་གི་ན་ཚ་དེ་རྒྱལ་སྤྱིའི་ནང་གི་སྐྱེས་པ་༡༠༠ ནས་སྐྱེས་པ་༡༣ ལ་ན་ཚ་དེ་འཕོག་གི་ཡོད་ཅིང་། ནད་རིགས་དེའི་ཡོང་ཁུངས་གཙོ་བོ་ནི་རང་གི་རིགས་རྒྱུད་ནས་འགོ་ཡི་ཡོད་འདུག་པ་དང་། དེ་བཞིན་ཟས་སྤྱོད། དགུང་ལོ་མཐོ་རུ་འགྲོ་བ་བཅས་ཀྱི་རྐྱེན་གྱིས་ན་ཚ་དེ་ཕོག་པ་སོགས་ལོ་ན་མཐོན་པོའི་རིགས་ལ་མང་བ་ན་ཡི་ཡོད་འདུག སྤྱིར་བཏང་གཅིན་ལྒང་ལ་སྐྲན་ནད་ཕོག་པ་ནི་སྐྲན་ནད་ཀྱི་ན་ཚའི་ཁྲོད་ནས་ན་མཁན་མང་ཤོས་གཉིས་པ་དེ་ཡིན་འདུག་པ་དང་། ན་ཚ་མང་ཤོས་དང་པོ་ནི་པགས་ནད་ན་ཚ་ཡིན་འདུག ལོ་སྔོན་མའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཁོང་གིས་ད་ལྟའི་ལས་ཐོག་སྲིད་འཛིན་ཊོམ་དང་བགྲོ་གླེང་གནང་སྐབས་བཀའ་མོལ་ཡག་པོ་གནང་མ་ཐུབ་པ་དང་། དགུང་ལོ་མཐོ་དྲགས་པ། འཕྲོད་བསྟེན་སོགས་ཀྱི་རྐྱེན་པས་ཁོང་སྲིད་འཛིན་གྱི་འོས་མི་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།

ཨ་རིའི་སྐྲན་ནད་སྔོན་འགོག་ཚན་པའི་འགན་འཛིན་ཚན་རིག་པ་(Dr William Dahut)་ཟེར་བ་དེས། མི་མང་ཚོས་ཇོ་བྷ་ཌན་གྱི་གནས་སྟངས་སྐོར་ཤེས་རྟོགས་ཆེད་དུ་བྷི་བྷི་སིའི་གསར་ཁང་ལ་སྐྲན་ནད་ཀྱི་རང་བཞིན་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་ཞིང་། གལ་སྲིད་གཅིན་ལྒང་གི་སྐྲད་ནད་དེ་ལུས་ཀྱི་རུས་པ་ལ་ཁྱབ་ཚེ་དེ་ནི་བཅོས་ཐབས་བྲལ་བ་ཞིག་ཡིན་པར་བརྗོད་འདུག འོན་ཀྱང་། སྐྲན་ནད་ཀྱི་ནད་པ་མང་ཆེ་བ་སྨན་བཅོས་ཡག་པོ་བྱས་ཚེ་དུས་ཡུན་རིང་པོ་གནས་ཐུབ་ཀྱི་ཡོད་པར་བརྗོད་འདུག སྲིད་འཛིན་ཟུར་པ་ཇོ་བྷ་ཌན་ཕོ་བྲང་དཀར་པོ་ནས་ཐོན་རྗེས་མི་མང་གི་མཐོང་ལམ་དུ་ཐེངས་འགའ་ཤས་ལས་མངོན་མེད་པ་དང་། ཕྱི་ཟླ་༤ པའི་ནང་བྷི་བྷི་སི་གསར་ཁང་གིས་བཅར་འདྲི་ཐེངས་གཅིག་བྱས་ཡོད་འདུག ཇོ་བྷ་ཌན་ཁོང་རང་ཉིད་ལ་མཚོན་ན་འདས་པའི་ལོ་མང་རིང་སྐྲན་ནད་སྔོན་འགོག་གི་ཆེད་དུ་ལས་འགུལ་སྤེལ་ནས་མི་མང་ཁྲོད་རོགས་སྐྱོར་རྒྱ་ཆེར་བྱས་ཡོད་འདུག་ལ། ཕྱི་ལོ་༢༠༢༢ ལོར་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་བསྐྱར་དུ་སྐྲན་ནད་སྔོན་འགོག་ལས་འགུལ་གཞི་རྒྱ་ཆེ་རུ་བཏང་ནས་ཕྱི་ལོ་༢༠༤༧ བར་སྐྲན་ནད་ཀྱི་ནད་པ་ས་ཡ་༤ འགོག་བཅོས་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས་ལས་འགུལ་དེའི་མིང་ལ་”cancer moonshot”ཟེར་བ་ཞིག་བཏགས་ཡོད་འདུག ཇོ་བྷ་ཌན་གྱི་བུ་རྒན་པ་དེ་ཕྱི་ལོ་༢༠༡༥ ལོར་ཀླད་པའི་སྐྲད་ནད་ཕོག་ནས་འདས་གྲོངས་སུ་ཤོར་ཡོད་འདུག་ལ།  

ཇོ་བྷ་ཌན་ལ་སྐྲན་ནད་ཡོད་པ་ཤེས་རྟོགས་བྱུང་རྗེས་ལས་ཐོག་སྲིད་འཛིན་ཊོམ་གཙོས་པའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། དབྱིན་ཡུལ་གྱི་སྲིད་བློན་སོགས་གནད་ཡོད་མི་སྣ་མང་པོས་འཕྲིན་ཡིག་བཏང་ནས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།