ཨ་རིས་རྒྱ་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་འཕྲད་བྱེད་དུ་འཇུག་པའི་དགོས་འདུན་བཏོན་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནེ་ཌི-པི་ར་ཡི་སི་(Ned Price)ཡིས་རྒྱ་ནག་གཞུང་ལ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་དངོས་སུ་མཇལ་འཕྲད་བྱེད་དུ་འཇུག་རྒྱུའི་དགོས་འདུན་བཏོན་འདུག
པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་པར་ཉིན་འགའ་ལ་མེད་པའི་སྐབས་འདིར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་“ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་འཕྲལ་དུ་མང་ཚོགས་ལ་ཡོངས་གྲགས་ཀྱི་གསལ་བཤད་དང་། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་མི་དངོས་སུ་མཇལ་འཕྲད་ཀྱི་གོ་སྐབས་སྤྲོད་པའི་དགོས་འདུན་འདོན་གྱི་ཡོད་”ཅེས་བརྗོད་འདུག
ཟླ་འདིའི་ཚེས ༢༢ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ཐོག ཁོང་གིས་ཨ་རིའི་གཞུང་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་གི་ངོ་བོ། ཆོས་དད་རང་དབང་བཅས་ལ་རྒྱབ་སྐྱོར་གནང་གི་ཡོད། ང་ཚོའི་ངོས་ནས་གཞུང་གི་ཐེ་བྱུས་མེད་པར་བོད་མི་ཚོས་དད་མོས་གཞིར་བཞག་ཐོག་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་ལྟ་བུའི་ཡང་སྲིད་ངོས་འཛིན་དང་སློབ་སྤྱོང་གནང་ཕྱོགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་ཞུ་གི་ཡོད་ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་༧གོང་ས་མཆོག་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་གློ་བུར་དུ་བཙན་ཁྲིད་བྱས་པ་བཟུང་། འདས་པའི་ལོ་ངོ་ ༢༦ ཙམ་གྱི་རིང་ལ་ཁོང་གར་སོང་ཆ་མེད་དུ་གྱུར་ནས་ཞལ་མཇལ་ཞིང་གསུང་ཐོས་མཁན་གཅིག་ཀྱང་བྱུང་མེད། རྒྱ་ནག་གཞུང་གིས་ཁོང་སྐུ་འཚོ་གཞེས་སུ་ཡོད་པ་དང་། ཁོང་གིས་མཐོ་སློབ་མཐར་ཕྱིན་ནས་རྒྱུན་ལྡན་གྱི་འཚོ་བར་རོལ་བཞིན་ཡོད་ཚུལ་ཤོད་ཀྱིན་ཡོད་རུང་། དོན་དངོས་སུ་ཁོང་སྐུ་འཚོ་གཞེས་ཡིན་མིན་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡིན་ཤེས་མཁན་སུ་གཅིག་ཀྱང་མེད།
རྒྱ་གར་བྱང་ཕྱོགས་དྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་ཁོང་འཕྲལ་དུ་གློད་གྲོལ་གཏོང་པའི་ལས་འགུལ་སྤེལ་དང་སྤེལ་མུས་སུ་ཡོད། །
གསར་འགོད་དཀོན་མཆོག་རབ་བརྟན།