ཨ་རིས་བོད་མིར་རོགས་དངུལ་ཨ་སྒོར་ས་ཡ་༢༣ གནང་གཏན་འཁེལ།

ཨ་རིའི་གཞུང་གིས་ཕྱི་ལོ་༢༠༢༦ གི་རྩིས་ལོའི་ནང་བོད་མིར་རོགས་དངུལ་ཨ་སྒོར་ས་ཡ་༢༣ གནང་གཏན་འཁེལ་ཞིང་། གྲོས་ཆོད་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་གཏན་འབེབས་བྱས་རྗེས། ཕྱི་ལོ་༢༠༢༦ ཟླ་༢ ཚེས་༣ ཉིན། སྲིད་འཛིན་ཊོམ་གྱིས་མཚན་རྟགས་སྐྱོན་ཏེ་ཁྲིམས་སུ་བཅས་ཡོད་འདུག

གནད་དོན་དེ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་གཞུང་གིས་བོད་དོན་དང་འབྲེལ་བའི་ཕྱི་སྲིད་རོགས་སྐྱོར་གྱི་དངུལ་འབབ་མུ་མཐུད་གནས་པར་དགའ་བསུ་ཞུས་ཡོད་པ་དང་། ཁྲིམས་ཡིག་ནང་བོད་དོན་རོགས་སྐྱོར་གྱི་དངུལ་འབབ་སྔར་རྒྱུན་ལྟར་གནས་པ་དེས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པ་གསལ་སྟོན་བྱས་ཡོད་ཅེས་དང་།
ཁྲིམས་འཆར་འདིས་ཨ་རིའི་གོ་ལ་བརྙན་འཕྲིན་ལྷན་ཁང་ (USAGM) ལ་མ་དངུལ་མཐུན་རྐྱེན་སྦྱོར་བ་བརྒྱུད། ཨ་རིའི་རླུང་འཕྲིན་ཁང་(VOA)དང་རང་དབང་ཨེ་ཤི་ཡ་རླུང་འཕྲིན་ཁང་ (RFA)གཉིས་སླར་གསོ་བྱས་ཡོད་པ་མ་ཟད། དེ་ལྟར་བྱས་པ་ལ་བརྟེན་ནས་རླུང་འཕྲིན་ཁང་དེ་གཉིས་ཀྱི་གལ་འགངས་ཆེ་བའི་རྒྱང་སྲིང་དང་གསར་འགོད་ཀྱི་ལས་དོན་ཁག་ཀྱང་སླར་གསོ་བྱས་ཡོད་ཅེས་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་བོད་མིར་རྒྱབ་སྐྱོར་གནང་རྒྱུར་འབད་བརྩོན་གནང་མཁན་དངུལ་རྩིས་གཏན་འབེབས་བྱེད་མཁན་གྱི་ཚོགས་ཆུང་དང་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨ་རིའི་གྲོས་ཚོགས་ཀྱིས་གལ་གནད་ཆེ་བའི་རོགས་དངུལ་དེ་དག་མུ་མཐུད་མཁོ་འདོན་གནང་རྒྱུའི་དམ་བཅའ་བརྟན་པོ་བཟུང་བར་དགའ་པོ་བྱུང་ཞེས་དང་།
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་རྣམས་མྱུར་དུ་བསྐྱར་གསོ་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ལེ་ཚན་དེ་དག་སྒོ་བརྒྱབ་པས་བོད་ནང་གི་བོད་མི་དང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མིའི་སྤྱི་ཚོགས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་མ་ཟད།
ཁོང་ཚོར་ཡིད་རྟོན་རུང་བའི་གལ་ཆེའི་གནས་ཚུལ་གྱི་འབྱུང་ཁུངས་ཤིག་མེད་པར་བཟོས་ཡོད་པ་དང་། དེ་བཞིན་གྲོས་ཚོགས་ཀྱིས་ཕྱི་ལོ་༢༠༢༧ ལོའི་སྔོན་རྩིས་བརྒྱུད་རིམ་ནང་བོད་དོན་དང་འབྲེལ་བའི་རོགས་དངུལ་རྣམས་མུ་མཐུད་རྒྱུན་འཁྱོངས་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
སྔོན་རྩིས་གཏན་འབེབས་བྱེད་མཁན་གྱི་ཚོགས་ཆུང་བོད་མིར་རྒྱབ་སྐྱོར་གནང་རྒྱུར་དམིགས་བསལ་གོ་སྒྲིག་གནང་མཁན་དངུལ་རྩིས་ཚོགས་ཆུང་གི་ཚོགས་མི་དང་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨ་རིའི་གྲོས་ཚོགས་ནས་གལ་ཆེའི་རོགས་དངུལ་འདི་དག་མུ་མཐུད་མཁོ་འདོན་གནང་རྒྱུའི་དམ་བཅའ་བརྟན་པོ་བཟུང་བར་དགའ་པོ་བྱུང་། ང་ཚོས་ཨ་རིའི་རླུང་འཕྲིན་ཁང་དང་རང་དབང་ཨེ་ཤི་ཡ་རླུང་འཕྲིན་ཁང་གི་བོད་སྐད་ལས་རིམ་ཁག་མྱུར་དུ་འགོ་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། བརྒྱུད་ལམ་འདི་དག་སྒོ་བརྒྱབ་པ་དེས་བོད་ནང་གི་བོད་མི་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིའི་སྤྱི་ཚོགས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་པ་མ་ཟད། ཡིད་རྟོན་རུང་བའི་རང་དབང་གི་གནས་ཚུལ་ཐོབ་ཁུངས་མེད་པ་བཟོས་ཡོད། ང་ཚོས་གྲོས་ཚོགས་ནས་༢༠༢༧ ལོའི་དངུལ་རྩིས་ནང་དུའང་བོད་དོན་དང་འབྲེལ་བའི་རོགས་དངུལ་མུ་མཐུད་གནས་པའི་སྐུལ་མ་བྱེད་ཀྱི་ཡོད།”
གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་ཐོག་ཏུ། རོགས་དངུལ་ཁྲོད་ནས་ཨ་སྒོར་༡༠,༠༠༠,༠༠༠ བོད་པའི་སྤྱི་ཚོགས་དང་མཉམ་དུ་ལས་ཀ་བྱེད་པའི་ཉམས་མྱོང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་བོད་ནང་རིག་གཞུང་སྲུང་སྐྱོབ་དང་། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་སྒོ་ཁག་ལ་མཁོ་སྤྲོད་བྱ་རྒྱུ།
ཨ་སྒོར་༨,༠༠༠,༠༠༠ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་གོང་འཕེལ་དང་སྲུང་སྐྱོབ་བྱེད་པའི་ལས་གཞི་ཁག་ལ་མཁོ་སྤྲོད་བྱ་རྒྱུ། དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་བོད་མིའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕེལ་རྒྱས་དང་། རྒྱུན་གནས་བཅས་ལ་རོགས་རམ་བྱེད་རྒྱུ། དེ་བཞིན་བོད་ཀྱི་མི་རབས་གསར་པའི་འགོ་ཁྲིད་ཚོའི་ཤེས་ཡོན་དང་ཡར་རྒྱས་ལ་རོགས་རམ་ཆེད་དུ་ཡིན་པ།
ཨ་སྒོར་༥,༠༠༠,༠༠༠ བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་ལས་གཞི་ཁག་ལ་མཁོ་སྤྲོད་བྱ་རྒྱུ། དེའི་ནང་ནས་ཨ་སྒོར་ས་ཡ་༡.༥ དཔལ་འབྱོར་འཕེལ་རྒྱས་དང་ནུས་པ་གོང་འཕེལ་གྱི་བྱེད་སྒོ་ཁག་ལ་བེད་སྤྱོད་བྱེད་ཆོག་པ་མ་ཟད། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་གནས་སྤོ་བྱས་པའི་ཁྱིམ་ཚང་ཁག་གི་གཞི་རྩའི་དགོས་མཁོ་སྐོང་བར་རོགས་རམ་བྱེད་པའི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག་པ་ཡིན་ཞེས་བཀོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།