ཨི་ཊ་ལིའི་ནང་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་འདུག 

རྒྱ་ནག་གཞུང་གིས་ཨི་ཊ་ལིའི་མང་ཚོགས་དང་སྲིད་དོན་ཁོར་ཡུག་ནང་དུ་དབང་ཆ་གཅིག་སྡུད་ཀྱི་སྲིད་བྱུས་ལ་ངོས་ལེན་དང་རྒྱབ་སྐྱོར་ཡོང་ཆེད་དུ། ཚོགས་པ་ཁག་ཅིག་བརྒྱུད་ནས་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་འདུག 

དེ་ཡང་ཉེ་ཆར་རྒྱ་ནག་ནང་གི་གནས་ཚུལ་དང་དེ་དག་གིས་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ལ་དཔྱད་ཞིབ་བྱེད་མཁན་གྱི་ཚོགས་པ་(SINOPSIS) ཞེས་པ་དང་། ཨི་ཊ་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་དབང་སྒྱུར་གྱི་ཚོགས་ཆུང་ཞེས་པ་གཉིས་ནས། ཨི་ཊ་ལིའི་ནང་དུ་རྒྱ་ནག་གཞུང་གིས་དབང་ཤུགས་གོང་འཕེལ་གཏོང་ཆེད་དུ་རྒྱ་ནག་དང་འབྲེལ་བའི་ཚོགས་པ་ཁག་བརྒྱུད་ནས། རྒྱལ་ཁབ་དེའི་གྲོས་ཚོགས་དང་ས་གནས་ཀྱི་སྲིད་དོན་ཁོར་ཡུག་ནང་ལས་དོན་གང་འདྲ་སྤེལ་གྱི་ཡོད་པའི་སྐོར་ཤོག་ངོས་༦༤ ལྡན་པའི་ཞིབ་འཇུག་སྙན་ཐོ་ཞིབ་ཕྲ་ཞིག་བཏོན་འདུག 

ཞིབ་འཇུག་སྙན་ཐོའི་ནང་དུ་འཁོད་དོན་ལ། ཉེ་ཆར་ཨི་ཊ་ལིའི་སྲིད་དོན་མི་སྣ་རྒན་པ་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པར་སྦས་གསང་མེད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྩོད་རྙོག་ཐོག མང་ཚོགས་ནང་དུ་གཞི་ནས་དོ་སྣང་ཞིག་སླེབས་ཡོད་ཀྱང་། སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པས་ཨི་ཊ་ལིའི་མང་ཚོགས་ཀྱི་བསམ་བློ་དང་གཞུང་གི་སྲིད་བྱུས་ནང་དུ་ཤུགས་རྐྱེན་སྤྲོད་ཆེད་དུ་མི་སྣ་གལ་ཆེན་ཁག་ལ་གང་འདྲ་བྱས་ནས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཐུབ་མེད་པས། ཐེངས་འདིའི་ཞིབ་འཇུག་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཨི་ཊ་ལིའི་ནང་དུ་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་པ་སོགས་བརྒྱུད་ནས། ཨི་ཊ་ལིའི་དབུས་དང་ས་གནས་ཀྱི་སྲིད་དོན་མི་སྣར་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པའི་སྐོར་ཞིབ་འཇུག་བྱས་ཡོད་སྐོར་བརྗོད་འདུག 

དེ་ཡང་རྒྱ་ནག་གཞུང་གི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་འབྲེལ་མཐུད་ལྷན་ཁང་དང་། རྒྱ་ནག་གི་ཕྱིའི་རྒྱལ་ཁབ་ཁག་དང་མཛའ་འབྲེལ་གྱི་ཚོགས་པ། རྒྱ་ནག་གི་རྒྱལ་སྤྱིའི་ཚོང་འབྲེལ་གོང་སྤེལ་ལྷན་ཚོགས་དང་། ཨི་ཊ་ལིའི་གྲོས་ཚོགས་རྒྱ་ནག་མཛའ་འབྲེལ་ཚོགས་པ་སོགས་ཀྱིས་མཛའ་འབྲེལ་དང་ཚོང་དོན། རིག་གཞུང་སོགས་ཀྱི་མིང་ཐོག་ནས། ཨི་ཊ་ལིའི་སྲིད་དོན་མི་སྣ་དང་འབྲེལ་འཛུགས་ཀྱིས་གྲོས་ཚོགས་ནང་དང་སྤྱི་དམངས་ཀྱི་སྡིངས་ཆར། རྒྱ་ནག་དམར་ཤོགས་ཚོགས་པའི་ལྟ་བ་ལངས་ཕྱོགས་ལ་ངོས་ལེན་དང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པའི་རེ་སྐུལ་བྱེད་ཀྱི་ཡོད་པ། དེ་བཞིན་བོད་ནང་དུ་ཨི་ཊ་ལིའི་གྲོས་ཚོགས་རྒྱ་ནག་མཛའ་འབྲེལ་ཚོགས་པས་ཚོགས་མི་རྣམས་བོད་ནང་དུ་སྐོར་སྐྱོད་གོ་སྒྲིག་གིས། རྒྱ་ནག་གཞུང་གི་བོད་དང་དབང་སྒྱུར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་གཞན་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་དོན་ཕན་ལྡན་པ་ཡིན་པའི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཕྱིས་སུ་ཚོགས་མི་དེ་དག་ལ་གྲོས་ཚོགས་སོགས་ཀྱི་ནང་དུ་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་གྱི་སྐད་ཆ་དང་རྣམ་པ་སྟོན་པའི་རེ་སྐུལ་ཡང་བྱེད་ཀྱི་ཡོད་སྐོར་འཁོད་འདུག །

ཞིབ་འཇུག་གི་དྲ་ཐག

གསར་འགོད་པ་སྐལ་བཟང་དོན་གྲུབ།