ཨི་སི་ཊོ་ནི་ཡའི་གྲོས་ཚོགས་སུ་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭ་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བར་རྒྱ་ནག་གིས་སྐྱོན་བརྗོད།

ཡུ་རོབ་ཀྱི་རྒྱལ་ཁབ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་སུ་རྒྱ་ནག་གིས་བོད་ནང་གཏན་འཇགས་སློབ་གྲྭ་བཙུགས་ནས་བོད་པའི་བྱིས་པ་སྟོང་ཚོ་མང་པོ་ཞིག་བཙན་གྱིས་སློབ་གྲྭ་བཅུག་སྟེ་བོད་པའི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་དང་རྒྱང་ཐག་རིང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་བཞིན་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་ཞིག་ཡིན་པ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག 

པར། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༢༦ ཟླ་བ་༢ ཚེས་༡༢ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། ཕྱི་ཚེས་༡༡ ཉིན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་འཇུག་བྱེད་མུས་ལ་སྐྱོན་བརྗོད་གནང་བའི་བསྒྲགས་གཏམ་ཞིག་བསྣམས་ཕེབས་པ་དེའི་ཐོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་༦༧ གྱིས་རྒྱབ་སྐྱོར་གཏན་འབེབས་གནང་ཡོད་འདུག 

བསྒྲགས་གཏམ་དེའི་ཐོག་བགྲོ་གླེང་གནང་སྐབས། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དྲུག་ནས་ལོ་བཞི་ལས་སོན་མེད་པའི་བོད་ཕྲུག་རྣམས་རང་ཉིད་ཀྱི་ཁྱིམ་ཚང་ནས་ཁ་བྲལ་ཏུ་བཅུག་སྟེ། རྒྱ་ནག་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་བཞིན་པའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་སྐབས་འགའ་ཞིག་ལ་སེམས་ཚོར་དྲག་པོ་བྱུང་ཡོད་འདུག 

གྲོས་ཚོགས་འཐུས་མི་ཨེ་སི་ཊར་ཁ་རུ་སི་ (Ester Karuse) ཡིས་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འདོན་སྤེལ་གནང་བའི་ཁོང་ཚོ་ང་ཚོའི་བྱིས་པ་ལེན་པར་སླེབས་དུས་ཞེས་པའི་དཔེ་དེབ་ལུང་འདྲེན་གྱིས་རྒྱ་ནག་གིས་བོད་མི་རྣམས་རྒྱ་སྒྱུར་བྱེད་པའི་དམིགས་ཡུལ་འཛིན་ཡོད་པ་འགྲེལ་བརྗོད་གནང་ཡོད་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ཊོ་ནི་སི་ ལུ་ཀཱ་སེ་ (MP Tõnis Lukas)དང་། གྲོས་ཚོགས་འཐུས་མི་ཧེན་ པོ་ལུ་ཨེ་སི་(MP Henn Põlluaas)  གྲོས་ཚོགས་འཐུས་མི་མར་གིཊ་སུ་ཊོ་རོ་ཕི་ ( Margit Sutrop ) གྲོས་ཚོགས་འཐུས་མི་ཨན་ཊི་པུ་ལཱ་མེ་ཊི་ (MP Anti Poolamets) ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཀེ་ལེ་རེཌ་ (Juku-Kalle Raid)བཅས་ནས་བསྒྲགས་གཏམ་དེའི་ཐོག་རྒྱབ་སྐྱོར་གྱིས་གསུང་བཤད་གནང་ཡོད་འདུག  

བསྒྲགས་གཏམ་དེའི་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཕལ་ཆེ་བ་ནི། ཨིན་ཡུལ་སྐུ་ཚབ་དོན་གཅོད་དང་ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོཡེ་སི་ཊིརི་ཌར་ (Roy Strider)གཉིས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་དུ་འཚམས་གཟིགས་སུ་བསྐྱོད་དེ་༸གོང་ས་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་མྱོང་བ་ཡོད། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་གྲངས་༢༤ ཚུད་པའི་གྲོས་ཚོགས་ཀྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་དང་། ཨི་སི་ཊོ་ནི་དང་རྒྱ་ནག་མཛའ་འབྲེལ་ཚོགས་པའི་ནང་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་༡༤ ལས་མེད།  ཐེངས་འདིར་ཨི་སི་ཊོ་ནི་ཡའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་དོན་ཐོག་གཏན་འབེབས་གནང་བའི་བསྒྲགས་གཏམ་དེ་ལ་ངོ་རྒོལ་གྱིས་གཞུང་འབྲེལ་འཕྲིན་ཡིག་ཞིག་བཏང་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།