ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་རྩེད་འགྲན་པ་གཉིས་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཉེ་ཆར་རྒྱ་ནག་གི་རྩེད་འགྲན་པ་གཉིས་ཀྱིས་ཨོ་རྩལ་འགྲན་ཚོགས་སྐབས་སུ་གསེར་གྱི་རྟགས་མ་བླངས་པའི་སྐབས་སུ། མའོ་ཙེ་ཏུང་གི་དཔུང་རྟགས་བྲང་ཁར་བཏགས་པས། ཨོ་རྩལ་ལྷན་ཚོགས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཞིབ་འཇུག་བྱེད་བཞིན་ཡོད་འདུག 

ཟླ་༨ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོ་རུ་འཚོགས་བཞིན་པའི་ཨོ་རྩལ་འགྲན་ཚོགས་སྐབས་སུ། བུད་མེད་ཀྱི་རུ་ཁག་བར་རྐང་འཁོར་རྒྱང་རྒྱུགས་འགྲན་སྡུར་ཁྲོད། རྒྱ་ནག་གི་རྩེད་འགྲན་པའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ་འདུག གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་རྒྱ་ནག་གི་རྩེད་འགྲན་པ་(Bao Shanju) དང་(Zhong Tianshi) གཉིས་ཀྱིས། བྲང་ཁར་མའོ་ཙེ་ཏུང་གི་མགོ་པར་དཔུང་རྟགས་བཏགས་ཡོད་པ་རེད། 

བྱེད་སྟངས་དེ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ཁྲིམས་སྒྲིག་ནང་ཆབ་སྲིད་ཀྱི་རྣམ་འགྱུར་སྟོན་མི་ཆོག་པའི་ཁྲིམས་དང་འགལ་གྱི་ཡོད་པ་དང་། དེ་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་ཁྲིམས་སྒྲིག་དོན་ཚན་༥༠ ཡི་ནང་དུ། ཨོ་རྩལ་འགྲན་ཚོགས་ཀྱི་ས་ཚིགས་སུ་ཆབ་སྲིད་དང་ཆོས་ལུགས། མི་རིགས་བཅས་ཀྱི་དྲིལ་བསྒྲགས་དང་། རྔམ་སྟོན་རིགས་བྱེད་མི་ཆོག་སྐོར་འཁོད་ཡོད་འདུག འོན་ཀྱང་ཟླ་བ་སྔོན་མར་རྩེད་མོ་བ་ཚོས་སོ་སོའི་ལྟ་ཚུལ་མངོན་པར་བྱེད་ཆེད་དུ་ཁྲིམས་སྒྲིག་ལྷོད་དུ་བཏང་ནས། རྩེད་འགྲན་གྱི་སྔོན་དང་རྗེས་ལ་རྣམ་འགྱུར་རིགས་སྟོན་ཆོག་གི་ཡོད་པ་བཟོས་ཡོད་འདུག འོན་ཀྱང་རྩེད་འགྲན་གྱི་སྐབས་སུ་དང་གཟེངས་རྟགས་ཀྱི་མཛད་སྒོར་རྣམ་འགྱུར་རིགས་སྟོན་ཆོག་གི་མེད་པ་དང་། དེ་བཞིན་ཨ་རིའི་རྩེད་འགྲན་པ་མི་རིགས་ནག་པོ་ཡིན་ཁར་མཚན་མཐུན་དགའ་བོ་བྱེད་མཁན་ཞིག་ལ་ཡང་ཞིབ་འཇུག་བྱེད་བཞིན་ཡོད་འདུག 

ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་རྩེད་འགྲན་པ་གཉིས་ཀྱི་བྱ་སྤྱོད་དང་འབྲེལ་ནས་ཞིབ་འཇུག་བྱེད་བཞིན་ཡོད་ཁར། རྒྱ་ནག་གི་ཨོ་རྩལ་ལྷན་ཚོགས་ལ་འབྲེལ་བ་བྱས་ནས་གནས་ཚུལ་དེའི་ཐོག་སྙན་ཐོ་དགོས་སྐོར་བརྗོད་ཡོད་འདུག 

ཚེས་༢ ཉིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། རྩེད་འགྲན་པ་གཉིས་ཀྱི་པར་བཞག་ནས། ཁོང་གཉིས་ཀྱིས་གཟེངས་རྟགས་མཛད་སྒོའི་ཐོག་ཏུ་གཙོ་འཛིན་མའོ་ཙེ་ཏུང་གི་དཔུང་རྟགས་བཏགས་ཡོད་སྐོར་བྲིས་ཡོད་ནའང་། ཆུ་ཚོད་གཅིག་ནང་པར་དང་འགྲེལ་བཤད་དེ་ནག་གསུབ་བཏང་ཡོད་པ་རེད། 

གསར་ཁང་དེས་ཝི་བྷོ་དྲ་ཐོག་ཏུ་རྩེད་འགྲན་པ་དེ་གཉིས་ཀྱི་པར་བཞག་ནས། ལྟོས་དང་གཙོ་འཛིན་མའོ་ཙེ་ཏུང་གི་པར་རྩེད་འགྲན་པ་རྩེ་ཕུད་གཉིས་ཀྱི་བྲང་ཁར་འདུག་ཅེས་བྲིས་ཡོད་འདུག ཆུ་ཚོད་༦ གི་རྗེས་སུ་པར་དང་མཆན་དེ་ཡང་ནག་གསུབ་བཏང་ཡོད་ནའང་། ཆུ་ཚོད་༦ གི་ནང་དུ་དེར་དགའ་རྟགས་རྒྱག་མཁན་ཁྲི་གཅིག་ལས་མང་བ་བྱུང་ཡོད་ཁར་མཆན་འགོད་མཁན་ཡང་མང་པོ་དང་། བགྲོ་གླེང་ཡང་མང་པོ་བྱུང་ཡོད་འདུག ཁག་ཅིག་གིས་རྩེད་འགྲན་པ་དེ་གཉིས་ཀྱི་བྱ་སྤྱོད་ལ་དགའ་བསུ་བྱས་འདུག་པ་དང་། ཁག་ཅིག་གིས་རྩེད་འགྲན་པ་དེ་གཉིས་ཀྱི་བྱ་སྤྱོད་ནི་རྨོངས་པའི་བྱ་སྤྱོད་གཅིག་ཡིན་སྐོར་བརྗོད་ནས། རྒྱ་ནག་གི་རིག་གནས་གསར་བརྗེ་གླེང་སློང་བྱས་ཡོད་པ་རེད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ཆར་མའོ་ཡི་ཐལ་མདོག་ཅན་གྱི་གྱོན་གོས་གྱོན་ནས། མའོ་དྲན་གསོ་བྱེད་ཁུལ་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།