གློག་བརྙན་འཁྲབ་སྟོན་པ་གསོ་སྐྱོང་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༡  ཕྱི་ལོ་ ༢༠༡༧/༦  /༡༤

བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་བྱས་ནས་ལོ་བཅོ་ལྔ་ཙམ་ཕྱིན་པ་རེད་ལ། དེའི་རིང་སྤྱི་ཚོགས་ནང་ཡག་པོ་འདུག་ཟེར་མཁན་དང་། ཡག་པོ་མི་འདུག་ཟེར་མཁན་སོགས་ཧ་ཅང་མང་ལ། དེ་དག་ལས་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་ཡིན་བཞིན་པའི་སྐབས། ལས་འགུལ་འདི་བཀྲ་མི་ཤིས་པའམ་སྟབས་མ་ལེགས་པ་ཞིག་རེད་ཅེས་བརྗོད་པ་སོགས་གླེང་ཕྱོགས་འདྲ་མིན་མང་པོ་བྱུང་མྱོང་བ་རེད། དེ་ལྟ་བུའི་བྱེད་སྒོ་དེ་བོད་པའི་སྤྱི་ཚོགས་ནང་གསར་པ་ཡིན་པས་བསམ་ཚུལ་འདྲ་མིན་མང་པོ་ཡོང་ངེས་པ་ཞིག་ཡིན་ནའང་། དེ་དག་ཚང་མ་ལ་བསམ་བློ་དང་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བ་མང་པོ་ཡོད་པ་དང་། ཁག་ཅིག་གང་ཟག་སྒེར་སྣང་བར་འགྲོ་མིན་སོགས་ཀྱི་ཐོག་ནས་ཀྱང་ཡོང་གི་ཡོད་ངེས་རེད། གནད་དོན་དེ་དག་ཚང་མ་སྤྱི་ཚོགས་ཤིག་གི་འགྲོ་སྟངས་ཡིན་པས་ཧ་ལས་དགོས་པ་ཞིག་གང་ཡང་མིན་ནའང་། མི་གཅིག་གིས་ལས་འགུལ་འདི་ཉིད་མུ་མཐུད་མི་ལོ་༡༥ རིང་གཉེར་ཐུབ་པ་དེ་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་ཡག་པོ་རེད་ཅེས་མི་བརྗོད་ཀ་མེད་རེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལས་རིགས་གང་ཡིན་ཡང་། དེའི་ཆེད་ལས་མི་སྣ་དུས་ཡུན་རིང་པོར་ལས་ཀ་བྱེད་མཁན་ཞིག་ད་ལྟའི་མི་རབས་འདིའི་ནང་ཧ་ཅང་དཀོན་ཚོད་དུ་སྣང་། ད་ལྟ་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་བོད་མི་མང་ཆེ་བའི་བསམ་ཚུལ་ལམ་དམིགས་ཡུལ་གཙོ་བོ་དེ་ནུབ་ཕྱོགས་སུ་བསྐྱོད་རྒྱུ་དེ་ཡིན་པ་དང་། དེ་ཡང་གཙོ་བོ་རང་ཉིད་ཀྱི་ཆེད་དུ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག་ཀྱང་། དོན་དུ་རྒྱ་གར་དུ་གཙུག་ལག་རབ་འབྱམས་པ་སློབ་ཐོན་ཟིན་པ་ཞིག་ཡུ་རོབ་ཏུ་སོང་ན་མུ་མཐུད་ཤེས་ཚད་དེའི་ཐོག་ནས་ལས་ཀ་བྱེད་ཧ་ཅང་དཀའ་བ་དང་། ཐ་ན་རང་ཉིད་ཀྱི་མིང་གང་ཡིན་པ་དེ་ཡང་རྒྱུན་འཛིན་བྱེད་མི་ཐུབ་མཁན་མང་པོ་རེད། གནས་སྟངས་དེ་ལྟ་བུའི་ཐོག་ནས་བསམ་བློ་བཏང་ན་དོན་གྱིས་རང་ཉིད་ལ་ཕན་པ་ཞིག་ཏུ་གྱུར་ཡོད་མེད་ཀྱང་ཐག་བཅད་ནས་བཤད་དཀའ་བར་གྱུར་འདུག འོན་ཀྱང་ད་ལྟའི་ཆར་བཙན་བྱོལ་བོད་མི་མང་ཆེ་བའི་བསམ་བློ་དང་དམིགས་ཡུལ་གཙོ་བོ་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་འགྲིག་དང་མི་འགྲིག་གི་ལྟ་ཚུལ་བརྗོད་ཀྱང་ཕན་ཐོགས་དང་ནུས་པ་གང་ཡང་མེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྔོན་མ་ཡིན་ན་གཞི་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭའི་བར་དུ་འཐབ་རྩོད་ཀྱི་བསམ་བློ་བསླབས་མྱོང་། སློབ་གསོ་དེ་དག་མྱོང་མཁན་ནི་རྩ་དོན་དང་སྤྱི་སེམས་གང་ཐད་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཅུང་མི་འདྲ་བ་ཞིག་ཏུ་གྱུར་ཡོད་ལ། རིམ་པས་ནང་ཁུལ་གྱི་ལངས་ཕྱོགས་མི་མཐུན་པའི་སློབ་གསོ་དེ་དག་བུ་ཕྲུག་གི་ཀླད་པའི་ནང་བླུགས་ནས། རང་ཕྱོགས་ཀྱི་ལངས་ཕྱོགས་འཛིན་མཁན་མི་སྣ་མང་པོ་གསོ་སྐྱོང་བྱ་རྒྱུ་ཁོ་ནར་འབད་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། གང་ལྟར་ད་ལྟའི་ཆར་མི་རབས་གསར་པ་མང་པོ་ཞིག་ལ་ཆབ་སྲིད་ཀྱི་བསམ་བློ་མེད་པ་དང་། སྤྱི་པའི་སེམས་ཤུགས་ཀྱང་སྔོན་དང་བསྡུར་ན་ཅུང་ཞན་པོ་ཡོད་པ་ལྟ་བུར་འགྱུར་བཞིན་པའི་ཚོར་སྣང་སྤྱི་ཡོངས་སུ་ཡོད་པ་རེད། དེར་བརྟེན་སྲིད་དོན་ཁོ་ན་དང་ནང་ཁུལ་གྱི་ལངས་ཕྱོགས་གཅིག་པུ་བསླབས་ནས་མི་སྣ་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་པ་དེ་གསལ་པོར་གྱུར་ཡོང་གི་ཡོད་སྟབས། ད་ནས་བཟུང་ཐབས་ལམ་དེ་ཙམ་མ་ཡིན་པར་ཚང་མས་དོ་སྣང་འགུག་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་སྙམ།

ན་གཞོན་གང་མང་ཞིག་ལ་གློག་བརྙན་འཁྲབ་སྟོན་དང་དེའི་སྒྱུ་རྩལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བསྐྲུན་དགོས་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་རྒྱ་གར་ལ་མཚོན་ན་འཛམ་བུ་གླིང་ཁྱོན་ཡོངས་ནས་གློག་བརྙན་དང་གླུ་གར་གྱི་ཕ་ས་ལྟ་བུར་ངོས་འཛིན་བྱས་ཀྱང་ཆོག་པ་ཞིག་རེད། དེ་ལྟ་བུའི་ཁོར་ཡུག་ནས་ང་ཚོས་སློབ་སྦྱོང་དེ་ལེན་མ་ཐུབ་པ་ནི་ཧ་ཅང་ཕངས་པོ་རེད་ལ། ཁོར་ཡུག་དང་གོ་སྐབས་འདི་བེད་སྤྱད་ནས་མ་འོངས་པར་གློག་བརྙན་གྱི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན་བོད་ཀྱི་མཛངས་མའི་འགྲན་སྡུར་འདི་བརྒྱུད་ནས་བུད་མེད་རྣམ་པ་དང་སྤོབས་པ་ཡོད་མཁན་མང་པོ་ཞིག་མངོན་ཡོང་གི་ཡོད་པ་དང་། དེ་དག་རིམ་པས་གློག་བརྙན་འཁྲབ་སྟོན་པར་འགྱུར་རྒྱུར་གཞན་ལས་སྟབས་བདེ་བ་ལྟ་བུར་གྱུར་ཡོད། དེ་བཞིན་བོད་ཀྱི་ཕོ་སར་འགྲན་སྡུར་གྱི་སྡིངས་ཆ་ཞིག་ཀྱང་བསྐྲུན་ཐུབ་ན་འབུར་དུ་ཐོན་པའི་ན་གཞོན་མང་པོ་ཞིག་སླེབས་ངེས་རེད། གློག་བརྙན་འཁྲབ་སྟོན་པ་ན་གཞོན་མང་ཙམ་བྱུང་ན་བརྗོད་གཞི་འདྲ་མིན་ཐོག་གློག་བརྙན་མང་པོ་འཁྲབ་དགོས་སྙམ།

གློག་བརྙན་འཁྲབ་པ་དེ་དག་ཀྱང་སྒྱུ་རྩལ་ཚད་མཐོན་པོ་ཡོད་པ་ཞིག་ཏུ་འགྱུར་ཐབས་དང་། འཁྲབ་སྟོན་པ་དེ་དག་ཀྱང་རང་ཉིད་ཀྱི་འཚོ་ཐབས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ཐུབ་པའི་ཐབས་ལམ་ཞིག་འཚོལ་ཐུབ་ན། སྒྱུ་རྩལ་གྱི་ལས་རིགས་ཡར་རྒྱས་སུ་འགྲོ་བ་དང་། ཆབ་སྲིད་ཀྱི་རྩོད་རྙོག་མང་པོ་ཞིག་ལ་ཡི་ག་ལོག་པ་མང་པོ་ཞིག་ལ་སྒྱུ་རྩལ་གྱི་ཐབས་ལམ་བརྒྱུད་ནས་གསོན་ཤུགས་སྤྲོད་ཐུབ་པས། འཐབ་རྩོད་དང་། རིག་གནས་རྒྱུན་འཛིན། མི་རིགས་ཀྱི་ངོ་བོ་མི་བརླགས་པ་སོགས་ཐབས་ལམ་འདི་ལ་གཞི་བཅོལ་ན་ཅུང་རེ་བ་ཡོད་པ་ཞིག་ཏུ་མཐོང་། གཞན་བཙན་བྱོལ་སྤྱི་ཚོགས་ཀྱི་ན་གཞོན་མང་པོ་ཞིག་གིས་ཆེད་ལས་ཀྱི་སློབ་སྦྱོང་བྱས་ཀྱང་། མུ་མཐུད་ཆེད་ལས་དེ་ཉིད་བྱེད་ཡུལ་མེད་པའམ། བྱེད་འདོད་མེད་པ་སོགས་གང་ལྟར་ཡང་སློབ་སྦྱོང་དང་ལས་ཀ་གཅིག་མཚུངས་ཡིན་པ་ཞིག་ཧ་ཅང་དཀོན། གཞོན་སྐྱེས་མང་ཆེ་བས་སློབ་ཚན་སྨན་ཞབས་འདེམས་པ་ལས། དེ་ལས་ཆེ་བའི་དམིགས་ཡུལ་འཛིན་མཁན་གྱི་མི་རབས་གསར་པ་ཞིག་སླེབས་ཐུབ་ཀྱི་མེད་པ་འདི་གཞུང་སྒེར་གཉིས་ངོས་ནས་འཐུས་ཤོར་ཆེ་ཤོས་ཤིག་ཏུ་གྱུར་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||