དགེ་རྒན་ཉིན་མོ་དང་དེའི་རྒྱབ་ལྗོངས།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༣ ། ཕྱི་ལོ་༢༠༢༥ ཟླ་དང་པོའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ཕྱི་ཟླ་༡༡ ཚེས་༥ ནི། ལོ་ལྟར་བོད་ཀྱི་དགེ་རྒན་ཉིན་མོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་རྒྱ་ཁྱབ་ཀྱིས་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་ཞུས་འདུག དེ་ནི་མཁས་དབང་ཁོང་གིས་ཕྱི་ལོ་༡༩༦༡ ཟླ་༡༠ པ་ནས་བཟུང་རིམ་བཞིན་གཞི་རིམ་སློབ་གྲྭ་ཁག་གི་བོད་དགེ་དང་། ཆོས་དགེ སློབ་སྤྱི། མཐོ་སློབ་ཀྱི་སློབ་སྤྱི་དང་། ངེས་སྟོན་པ་བཅས་མི་ལོ་༤༠ ལྷག་གི་རིང་ཤེས་ཡོན་ཐོག་མཛད་ཁུར་བཞེས་པ་དང་། བཀའ་བློན་ཁྲི་པར་འཁོད་མ་ཐག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་བཟོ་འགོད་ཀྱིས་འབྱུང་འགྱུར་མི་རབས་རྣམས་རྣམ་དཔྱོད་དང་བཟང་སྤྱོད་གཉིས་ལྡན། འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བའི་ལམ་ཕྱོགས་སུ་བསྒྱུར་བ་སོགས་ཤེས་ཡོན་ཐོག་རླབས་ཆེན་གྱི་མཛད་རྗེས་བཞག་པའི་རྒྱུ་མཚན་གྱིས་ཡིན་དགོས་ཤིང་། ཁོང་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་འགྲན་ཟླ་བྲལ་བའི་མཁས་དབང་དང་ཕུལ་དུ་བྱུང་བའི་རླབས་ཆེན་གྱི་དགེ་རྒན་ཞིག་རེད།
སྤྱིར་ད་ལྟའི་དུས་རབས་འདིར་འདྲ་མིན་སྣ་ཚོགས་ཀྱི་ཉིན་མོ་ཞེས་པ་མང་དྲགས་ནས་ཉིན་ཚང་མར་གནད་དོན་མི་འདྲ་བ་རེའི་ཉིན་མོ་ཡིན་པ་ལྟ་བུར་གྱུར་ཡོང་གི་འདུག། འོན་ཀྱང་དགེ་རྒན་གྱི་ཉིན་མོ་ནི་གཞན་དང་མི་འདྲ་བར་ཧ་ཅང་གལ་ཆེ་བའི་ཉིན་མོ་ཞིག་ཡིན། བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་རྒྱལ་སྤྱིའི་དགེ་རྒན་ཉིན་མོ་དང་། རྒྱ་གར་གྱི་དགེ་རྒན་ཉིན་མོ་སོགས་མང་པོ་ཡོད་ཀྱང་། བོད་ཀྱི་ཐུན་མོང་མ་ཡིན་པའི་དགེ་རྒན་ཉིན་མོ་ཞིག་ཡོད་དགོས་པ་དེའང་གལ་ཆེན་པོར་གྱུར་ཡོད། ད་ལྟའི་ཆར་བོད་གཞིས་བྱེས་གཉིས་སུ་གྱེས་ཤིང་རྒྱ་དམར་གཞུང་གི་དམ་དྲག་འོག་ཕན་ཚུན་གནད་དོན་ཡོངས་རྫོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དཀའ་ཡང་། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དགེ་རྒན་གྱི་ཕྱག་ལས་གནང་ནས་སློབ་གསོའི་བྱ་བཞག་ཐོག་བྱས་རྗེས་ཆེ་ཤོས་བཞག་མཁན་གྱི་མི་སྣ་ཞིག་བདམས། དེ་དང་འབྲེལ་བའི་དགེ་རྒན་ཉིན་མོ་ཞིག་སྲུང་བརྩི་ཞུ་བར་འགྲན་ཟླ་བྲལ་བའི་དཔེ་མཚོན་མི་སྣ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་ལས་ལྷག་པ་གཞན་སུ་གཅིག་མེད་པ་དེ་ཧ་ཅང་གསལ་པོ་རེད།
བོད་ཀྱི་དགེ་རྒན་ཉིན་མོ་གཏན་འབེབས་ཀྱི་རྒྱབ་ལྗོངས་ནི། ཉེ་བའི་ལོ་ཤས་སྔོན་གྲོས་ཚོགས་ནང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་དཔེ་སྟོན་སློབ་གྲྭར་སྲུང་བརྩི་ཞུས་ན་མི་འགྲིག་ཚུལ་སྔ་རྗེས་གླེང་བར་བརྟེན། ལོ་འདིའི་ཤེས་རིག་ཚོགས་ཆེན་ནང་ཁོང་གི་འཁྲུངས་སྐར་དགེ་རྒན་ཉིན་མོར་གཏན་འབེབས་བྱས་པ་རེད། ཕྱི་ལོ་༢༠༡༢ ནས་དཔེ་སྟོན་སློབ་གྲྭར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ལས་ལྷག་ཅིག་ཉེ་ཆར་དམིགས་བསལ་སྐྱོན་བརྗོད་བྱེད་དགོས་དོན་ཞིག་མེད་ངེས་རེད་ལ། ཕྱི་ལོ་༡༩༩༡ ནས་བཟུང་ཟམ་གདོང་རིན་པོ་ཆེས་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ཁྲི་པ་ལོ་ཉི་ཤུ་གནང་ཟིན་ནས་ཀྱང་མི་ལོ་༡༤ ཙམ་འདས་ཟིན་པ་རེད། མདོར་ན་ཁོང་གི་དགེ་རྒན་གྱི་ལས་དོན་མཚམས་བཞག་ནས་མི་ལོ་༣༤ ཙམ་གྱི་རིང་མ་དྲན་པ་ཞིག གྲོས་ཚོགས་ནང་གི་གླེང་ཕྱོགས་ལ་བརྟེན་འཕྲལ་དུ་གཉིད་སད་པ་ལྟ་བུས་ཁོང་གི་འཁྲུངས་སྐར་བོད་ཀྱི་དགེ་རྒན་ཉིན་མོར་གཏན་འཁེལ་བྱས་པ་ནི་གཞན་ལ་གདོང་ལེན་གྱི་རྣམ་འགྱུར་ཙམ་ལས། ཁོང་གི་དགེ་རྒན་གྱི་ཕྱག་ལས་ལ་ངོས་འཛིན་ཡང་དག་པ་ཞིག་ཡིན་མིན་ནི་ཐེ་ཚོམ་རེད།
དགེ་རྒན་ཉིན་མོ་གཏན་འབེབས་བྱས་པའི་རྒྱུ་རྐྱེན་དང་ཀུན་སློང་ལ་མ་ལྟོས་པར། བཙན་བྱོལ་སྤྱི་ཚོགས་ནང་དགེ་རྒན་ཡུན་རིང་གནང་མྱོང་ཞིང་། སློབ་གསོའི་བྱ་བཞག་ཐོག་བྱས་རྗེས་འགྲན་ཟླ་བྲལ་བ་བཞག་མྱོང་མཁན་ཁོང་ལས་ལྷག་པ་སུ་གཅིག་མེད་པས། མཁས་དབང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་བོད་ཀྱི་དགེ་རྒན་ཉིན་མོར་གཏན་འབེབས་བྱས་པ་ནི་མིང་དོན་མཚུངས་པ་ཞིག་རེད། ཁོང་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་གཏན་འབེབས་གནང་བའི་སྐབས་ཀྱང་བཙན་བྱོལ་ནང་གི་མི་དྲག་སྐུ་དྲག་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་དཀའ་ངལ་སྤྲད་ཡོད་པ་དང་། ལས་བྱེད་རེ་ཟུང་གིས་མིང་རྫུན་འོག་ནས་སྐྱོན་བརྗོད་བྱས་པའང་དོ་སྣང་ཅན་དག་གིས་གསལ་པོ་ཤེས་ངེས་རེད། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ནས་ལོ་མང་རིང་རྡ་ས་བོད་ཁྱིམ་སློབ་གྲྭས་ལག་བསྟར་བྱས་མེད་པ་དང་། དཔེ་སྟོན་སློབ་གྲྭར་ཐོག་མ་སློབ་འཇུག་བྱེད་མཁན་ཡང་བོད་ནས་གསར་འབྱོར་བ་རྣམས་ཀྱི་བུ་ཕྲུག་དང་གཞིས་ཆགས་ཁུག་ཀྱོག་གི་བུ་ཕྲུག་གཙོ་བོར་གྱུར་ཡོད།
མདོར་ན་རྒྱལ་ཁབ་ཅིག་གི་མདུན་ལམ་ཐོག་ནས་སློབ་གསོའི་ལས་དོན་གྱི་སྣེ་ཁྲིད་པ་དགེ་རྒན་ནི་གལ་ཆེ་ཤོས་ཡིན་པ་དང་། སློབ་གསོའི་ལམ་ལུགས་ནང་དགེ་རྒན་གཙོ་བོར་བཞག་པའི་ལམ་ལུགས་དང་། སློབ་མ་གཙོ་བོར་བཞག་པའི་ལམ་ལུགས་ཞེས་ཡོད་ཀྱང་། བོད་པའི་སྲོལ་རྒྱུན་སློབ་གསོའི་ལམ་ལུགས་ནི་སློབ་མས་དགེ་རྒན་ལ་བརྩི་འཇོག་དང་གུས་བཀུར་བྱེད་སྟངས་ཐོག་ནས་དགེ་རྒན་གཙོ་བོར་བཟུང་ཡོད་ལ། དགེ་རྒན་གྱིས་སློབ་ཕྲུག་ལ་འགན་ཁུར་དང་བརྩེ་སེམས་ཀྱི་ཐོག་ནས་གསོ་སྐྱོང་བྱེད་སྟངས་ནི་སློབ་མ་གཙོ་བོར་བཟུང་ཡོད་པས། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁོར་ཡུག་དེ་རྒྱ་ཆེན་པོ་དེ་ཙམ་མིན་ནའང་ལམ་ལུགས་དེ་མཐའ་གཉིས་སུ་མ་ལྷུང་པར་ཡང་དག་པ་ཞིག་ཡིན། མཁས་དབང་ཟམ་གདོང་རིན་པོ་ཆེས་གནའ་སྲོལ་དང་དེང་དུས་ཀྱི་མཐའ་གཉིས་སུ་མ་ལྷུང་པར་མི་གཞི་ཀུན་སྤྱོད་དང་སྙིང་སྟོབས་ལྡན་པའི་མི་སྣ་གསོ་སྐྱོང་ཐུབ་པའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ཡང་དག་པ་ཞིག་གཏན་འབེབས་གནང་བ་འདིས་ཀྱང་། བཙན་བྱོལ་ནང་བོད་པའི་ངོ་བོ་དང་རིག་གནས་རྒྱུན་འཛིན་གྱི་ཚེ་ཐག་རིང་དུ་བཏང་ཡོད།།
