དཔལ་ལྡན་སྲིད་སྐྱོང་ཨ་རིའི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཟླ་འདིའི་ཚེས་ ༠༥ ཉིན་ཁོང་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ (Jeff Merkley) ལགས་དང་མཇལ་འཕྲད་གནང་ཡོད་འདུག་པ་དང་། སྐུ་ཞབས་ཁོང་ནི་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ཕྱི་ལོ་ ༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་ཁྲིམས་འཆར་གྱི་གཙོ་ཆེའི་མི་སྣ་ཞིག་ཡིན་འདུག མཇལ་མོལ་སྐབས་སུ་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་བསྐྱར་ནན་གནང་བ་དང་སྦྲགས། བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཀྱི་གལ་གནད་སྐོར་ནན་བརྗོད་གནང་ཡོད་འདུག དེ་བཞིན་ཁོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་ཡོད་པ་དང་། ལྷག་པར་རྒྱ་ནག་གིས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭའི་ལམ་ལུགས་སྐོར་གསུང་སྐབས་གནད་དོན་འདི་ད་དུང་ཡང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཉན་ཞིབ་ཀྱིས་དོ་སྣང་གཙོ་བོ་ཞིག་ཡིན་པ་བཅས་གསུངས་ཡོད་འདུག དེ་བཞིན་དཔལ་ལྡན་སྲིད་སྐྱོང་གིས་རྒྱ་ནག་གིས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་བརྒྱུད་བོད་མིའི་ངོ་བོ་རྩ་མེད་བཟོ་བའི་འབད་རྩོལ་གྱི་ཆ་ཤས་ཤིག་ཡིན་པ་གསལ་སྟོན་གནང་ཡོད་འདུག་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོས་འབྱུང་འགྱུར་ཕྱི་ཟླ་ ༠༦ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་དེ་བཞིན་ཨ་རིའི་ཁེ་པི་ཊལ་ཧིལ་ (Capitol Hill) དུ་སྲུང་བརྩི་ཞུ་གཏན་ཁེལ་བ་དེར་སྐུ་ཞབས་མར་ཁི་ལི་ལགས་ལ་མགྲོན་འབོད་གནང་ཡོད་འདུག དེ་རྗེས་དཔལ་ལྡན་སྲིད་སྐྱོང་ནས་བོད་ཀྱི་ཐེབས་རྩ་དང་ཨ་རིའི་རོགས་སྐྱོར་གྱི་གནད་ཡོད་མི་སྣ་ཁག་དང་ལྷན་གྲོས་མོལ་གནང་ཡོད་འདུག དེ་བཞིན་ཕྱི་ཚེས་ ༦ ཉིན་དཔལ་ལྡན་སྲིད་སྐྱོང་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཚན་པ་ཁག་གི་མཐོ་རིམ་ལས་བྱེད་བརྒྱད་དང་གྲོས་ཚོགས་གོང་འོག་གི་འཐུས་མི་འགའ་བཅས་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་གྱི་ལས་དོན་ཐད་གསལ་བཤད། ཉེ་ཆར་ཨ་རིའི་རོགས་དངུལ་གཅོག་འཕྲི་གནང་བ་དེས་བོད་པའི་ལས་གཞི་ཁག་ལ་ཉེན་ཁ་བཟོ་སྲིད་པའི་སྐོར་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་རྒྱུའི་གལ་གནད་སྐོར་སོགས་གླེང་སློང་གནང་ཡོད་འདུག་ལ། གཞན་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་བོད་ནང་གི་བོད་མི་ཚོའི་གནས་ཚུལ་དྲིལ་བསྒྲགས་བྱེད་པའི་རླུང་འཕྲིན་ཁང་གལ་ཆེན་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད་འདུག དེ་བཞིན་ཕྱི་ཟླ་༠༥ པའི་ཚེས་ ༠༨ ཉིན་དཔལ་ལྡན་སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་ (Joe Wilson) དང་མཇལ་འཕྲད་གནང་ཡོད་འདུག་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ལྦིལ་སོན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་།མགོན་པོ་གང་ཉིད་མཆོག་ནི་སེམས་ཤུགས་སྟེར་བའི་འབྱུང་ཁུངས་ཤིག་ཡིན་པའི་བསྔགས་བརྗོད་གནང་ཡོད་འདུག་ལ། དཔལ་ལྡན་སྲིད་སྐྱོང་གིས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་འཛམ་གླིང་ཡོངས་ལ་ཕན་པའི་མཛད་རྗེས་ལ་གུས་བརྩིའི་ཆེད་གྲོས་ཚོགས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་གནང་རྒྱུའི་འཆར་གཞི་བཏོན་གནང་བ་དང་།གྲོས་ཚོགས་འཐུས་མི་ཁོང་གིས་འཆར་གཞི་དེར་རྒྱབ་སྐྱོར་གནང་བ་དང་།གྲོས་ཚོགས་ནང་གྲོས་ཆོད་དེ་མདུན་སྐྱོད་ཡོང་བར་འབད་བརྩོན་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག གཞན་ཡང་དཔལ་ལྡན་སྲིད་སྐྱོང་ནས་ཉེ་ཆར་ཨ་རིའི་སྔོན་རྩིས་གཅོག་འཕྲི་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་གླེང་སློང་གནང་ཡོད་འདུག
དེ་མིན་དཔལ་ལྡན་སྲིད་སྐྱོང་ནས་ཝ་ཤིང་ཊོན་ཌི་སི་རུ་ཡོད་པའི་ཕྱི་འབྲེལ་ལྷན་ཚོགས་སུ་ཨེ་ལི་ཡོ་ཏི་ཨེབ་རམ་སི་ (Elliott Abrams) དང་མཇལ་འཕྲད་གནང་སྟེ། ཁོང་གི་ཉེ་ཆར་གྱི་ལས་དོན་དང་། བོད་དོན་དང་འབྲེལ་བའི་གནད་དོན་སྐོར་ངོ་སྤྲོད་ཞུས་ཤིང་།སྐུ་ཞབས་ཨེབ་རམ་སིས་ཐབས་བྱུས་སོགས་ཀྱི་སྐོར་ལ་དགོངས་འཆར་གནང་ཡོད་འདུག ཕྱི་ཚེས་༩ཉིན་དཔལ་ལྡན་སྲིད་སྐྱོང་ནས་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལྷན་མཇལ་འཕྲད་གནང་སྟེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཕྱོགས་ཕེབས་མཇུག་སྒྲིལ་ཡོད་འདུག
གོང་གསལ་གྱི་གནས་ཚུལ་རྣམས་གསར་འགོད་པ་བསྟན་འཛིན་ལམ་བཟང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།