པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་ཉིན་ཚོགས་པ་ཁག་བཞིས་གསར་འགོད་གསལ་བསྒྲགས་སྤེལ་སོང་།
ཟླ་འདིའི་ཚེས་༢༥ ་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་གནང་རྗེས། གདན་ས་བཀྲ་ཤིས་ལྷུན་པོ་དང་ཧི་མ་ལ་ཡའི་དགོན་པ་དང་ཚོགས་པ་ཁག་བཞི་ཡིས་དོན་ཚན་ལྔ་ཅན་གྱི་ཞུ་འབོད་རེ་འདུན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༧ རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་དང་ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ་བཅས་ཀྱིས་རྒྱལ་སྤྱིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དོན་ཚན་ལྔ་ཅན་གྱི་ཞུ་འབོད་རེ་འདུན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ། དེའི་དོན་ཚན་དང་པོའི་ནང་དུ། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་མི་ལོ་༢༩ རིང་གར་སོང་ཆ་མེད་དུ་གྱུར་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་རྒྱ་ནག་ཏུ་ཕྱི་རྒྱལ་གཞུང་ཚབ་མི་སྣས་༧པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་བ་ཞུ་རྒྱུ་ཞེས་དང་། དོན་ཚན་གཉིས་པའི་ནང་ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ནས་ད་བར་མི་ལོ་༢༩ རིང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས། བྱིས་པའི་ཐོབ་ཐང་སོགས་མདོར་ན་འགྲོ་སྡོད་སྤྱོད་གསུམ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་ནས་མེད་པའི་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་ཐབས་ཡོང་རྒྱུ། དེ་བཞིན་དོན་ཚན་གསུམ་པའི་ནང་། གོང་གསལ་ཚོགས་པ་ཁག་གིས་རིན་པོ་ཆེ་གློད་བཀྲོལ་ཡོང་ཆེད་ཆེ་མཐོང་རྒྱབ་སྐྱོར་མཚོན་ཕྱིར་སྐུའི་འཁྲུངས་སྐར་ཉིན་མོར་སྲུང་བརྩིའི་ལས་འགུལ་ཞིག་སྤེལ་གནང་ཡོང་བ་ཞུ་རྒྱུ། དོན་ཚན་བཞི་པའི་ནང་ད་བར་མི་ལོ་༢༩ རིང་གར་སོང་ཆ་མེད་དུ་གྱུར་པའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་དབུ་འཛིན་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་གཙོས། བོད་ནང་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་དང་། བོད་ནང་དངོས་ཡོད་དཀའ་ངལ་ཁག་མྱུར་དུ་སེལ་ཐབས་སུ་སྔར་ལས་རྒྱབ་སྐྱོར་ཤུགས་ཆེན་གནང་རོགས་ཞེས་དང་། དོན་ཚན་ལྔ་པའི་ནང་། ༧གོང་ས་མཆོག་མྱུར་དུ་བོད་ལ་ཕེབས་ཐུབ་ཐབས་དང་ཁོང་གི་དགོངས་གཞིར་ཡོད་པའི་གཉིས་སྨན་དབུ་མའི་ལམ་གྱི་བོད་དོན་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་ཞེས་དང་།

ཁོང་རྣམས་ཀྱིས་ད་བར་གཞུང་དམངས་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་ཅེས་སོགས་གསུངས་སོང་།
གཞན་ཡང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་ཨི་སི་ཏཱོ་ནི་ཡ་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་གིས་ཀྱང་གཞུང་འབྲེལ་མཛད་སྒོ་ཚར་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་བོད་ནི་རྒྱ་ནག་གི་ཆ་ཤས་མིན་པ་དང་བོད་དོན་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གསུངས་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།
