བསོད་ནམས་དབང་ཕྱུག་ནས་རྒྱ་གར་དབུས་གཞུང་གིས་ལ་དྭགས་ཀྱི་མངོན་འདོད་སྒྲུབ་དགོས་པའི་འབོད་སྐུལ་ཞུས།
ལ་དྭགས་ཀྱི་ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཉེ་ཆར་ལ་དྭགས་ནས་ལྡི་ལི་བར་གོམས་བགྲོད་ཀྱི་ལམ་ནས་ཁོར་ཡུག་གི་ལས་འགུལ་སྤེལ་ཡོད་འདུག་པ་དང་། སྐབས་དེ་དུས་ལ་དྭགས་ཀྱི་ཡུལ་མི་མང་པོ་མཉམ་བཞུགས་བྱས་ཡོད་འདུག ལས་འགུལ་དེའི་བརྒྱུད་ནས་རྒྱ་གར་དབུས་གཞུང་གིས་ལ་དྭགས་ལ་དེ་སྔོན་ཁས་བླངས་ཟིན་པ་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐང་རྣམས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག
ཕྱི་ཚེས་༤ ཉིན་(India Today)ཞེས་པའི་གསར་ཁང་གིས་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལ་བཅར་འདྲི་ཞིག་བྱས་འདུག་པ་དང་། ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་དབུས་གཞུང་ནས་དེ་སྔོན་ཁས་བླངས་ཟིན་པ་ལ་དྭགས་ལ་རྩ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཁོངས་སུ་འཇུག་རྒྱུ་དེ་མུ་མཐུད་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། ལ་དྭགས་མངའ་སྡེའི་གནས་བབས་ནི་མི་མང་གི་འདོད་པ་ཡིན་པ་ལས་དགོས་འདུན་མིན་ཞེས་གསལ་བཤད་བྱས་འདུག ཁོང་ཉེ་ཆར་ལ་དྭགས་ནས་ཉི་མ་མང་པོའི་རིང་གོམས་བགྲོད་ཀྱི་ལས་འགུལ་སྤེལ་ནས་རྒྱལ་ས་ལྡི་ལིར་འབྱོར་སྐབས་གྲོང་ཁྱེར་གྱི་ས་མཚམས་ནས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཕྱི་ཚེས་༣ ཉིན་རྒྱ་གར་དབུས་གཞུང་གི་ངོས་ནས་མི་མང་གིས་གཞུང་ལ་གུས་བརྩི་མེད་པ་ཞིག་དང་ཡིད་ཆེས་མེད་པ་ཞིག་མི་འགྱུར་བའི་ཆེད་དུ་མི་མང་གི་མངོན་འདོད་སྒྲུབ་རྒྱུར་འབད་བརྩོན་གནང་རོགས་ཞེས་བརྗོད་འདུག རྒྱ་གར་དེ་རིང་ཞེས་པའི་གསར་ཁང་གིས་ཁོང་བཀག་ཉར་ནས་གློད་བཀྲོལ་བཏང་རྗེས་བཅར་འདྲི་དེ་བྱས་ཡོད་འདུག གཞུང་གིས་མི་མང་གི་གུས་བརྩི་ཉམས་དམས་སུ་གཏོང་བའི་བྱ་བ་སྤེལ་མི་རུང་། ངས་ཁོང་ཚོར་བཅོས་བསྒྱུར་བྱེད་འདོད་ཡོད་ལ། དེ་ནི་གྲོགས་པོ་བཟང་ཤོས་ཤིག་གིས་བྱེད་ཐུབ། ངས་ཁོང་ཚོར་ཁས་ལེན་རྣམས་སྲུང་བརྩི་བྱེད་དགོས་པ་དང་ཡིད་ཆེས་འཕེར་བའི་དབུ་ཁྲིད་དུ་འགྱུར་དགོས་པའི་སྐུལ་མ་བྱེད་འདོད་ཡོད་ཅེས་བརྗོད་འདུག དེ་བཞིན་ཁོང་གིས་དེ་སྔོན་ཡང་དབུས་གཞུང་ནས་ཁས་ལེན་རྫུན་མ་བྱས་པ་རྣམས་རྒྱ་གར་མི་དམངས་དང་ལ་དྭགས་མི་དམངས་ལ་འགྲེལ་བཤད་བྱ་དགོས། ང་ཚོའི་འཐབ་རྩོད་ནི་ལ་དྭགས་གཅིག་པུའི་དོན་དུ་མིན་པར་རྒྱ་གར་རྒྱལ་ཡོངས་ཀྱི་ཆེད་དུ་ཡིན། བྷི་ཇེ་པི་གཞུང་འཛིན་ཚོགས་པས་ལ་དྭགས་ལ་ཁས་ལེན་ཐེངས་གཉིས་བྱས་པ་དེ་ཁ་དན་ཚིག་ལ་མ་གནས་པ་རེད། ཁོང་ཚོས་ཁས་ལེན་དེ་འོས་ཤོག་འཐོབ་རྒྱུའི་ཆེད་དུ་བྱས་པ་ཞིག་ཡིན་པར་མ་ཟད། ལ་དྭགས་ལ་རྩ་ཁྲིམས་དོན་ཚན་༦ པའི་ནང་དུ་གསལ་བའི་ཐོབ་ཐང་རྣམས་སྤྲོད་ཆོག ལ་དྭགས་པའི་ངོ་བོར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་སྐད་ཆ་སྙན་པོ་བཤད་པ་རེད། ལ་དྭགས་པ་ཚོར་དམངས་གཙོའི་ཐོབ་ཐང་མེད་པ་ནི་ཐབས་རྡུགས་ཤིག་རེད་ཅེས་བཤད་འདུག ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༨ པའི་ཚེ་༥ ཉིན་རྒྱ་གར་གཞུང་གིས་ཇཱ་མུ་དང་ཀ་ཤི་སྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་རྩ་ཁྲིམས་དོན་ཚན་༣༧༠ ཐམ་པ་ལག་ལེན་བསྟར་རྒྱུ་མེད་པར་བཏང་ཞིང་། ཇཱ་མུ་དང་ཀ་ཤི་སྨིར་དང་ལ་དྭགས་བཅས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། ཐོག་མར་ལ་དྭགས་ཀྱི་ནང་པ་ཚོས་བསྒྱུར་བཅོས་དེར་དགའ་བསུ་ཞུས་ཡོད་འདུག་ཀྱང་། ཕྱིེས་སུ་རྒྱ་གར་དབུས་གཞུང་གིས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་རྣམས་མི་སྤྲོད་པའི་རྐྱེན་གྱིས་ད་ཆར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།