བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀི་ཤན་ཀ་པུར་གྲོངས་པས་སྲིད་སྤྱི་གཉིས་ནས་ཁོང་གི་ནང་མི་འབྲེལ་བཅས་ལ་ཐུགས་གསོ་གནང་།

པར་རིས་རྣམས་འདི་གའི་གསར་ཁང་ནས་སྒྲིག་སྦྱོར་བྱས།

ཟླ་འདིའི་ཚེས་ ༡ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor) སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཞོན་གཉིས་ནས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཁོང་གི་ནང་མི་འབྲེལ་ཡོད་ལ་ཐུགས་གསོ་གནང་འདུག 

དེ་ཡང་ཕྱི་ཚེས་༣་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་དམ་པ་ཁོང་གི་སྐུ་ཟླ་ལྕམ་རེ་ཁ་ཀ་པུར་ (Rekha Kapoor) ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་དུ། སྐུ་ཞབས་ཀི་ཤན་ཀ་པུར་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཞིག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན་པ་མ་ཟད། དམ་པ་ཁོང་གིས་མགོན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷཱ་རཏ་རཏྣཱ་ (Bharat Ratna) འབུལ་གནང་ཡོང་བའི་སྐུ་ལས་མུ་མཐུད་བསྐྱོན་ཡོད་སྐོར། དེ་བཞིན་ཁོང་ནི་བོད་དོན་འཐབ་རྩོད་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་དང་། འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་དབར་གྱི་རྩོད་རྙོག་ཐད་བོད་ཀྱི་གལ་གནད་གསལ་སྟོན་གནང་མཁན་ཞིག་ཡིན་པར་གསུངས་འདུག་ལ། ད་ཐེངས་ཁོང་སྐུ་ཚེ་མ་ཟིན་པར་མྱ་ངན་ཞུས་པ་དང་ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཤིང་། ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག 

དེ་བཞིན་ཕྱི་ཚེས་༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ནས་དམ་པ་ཁོང་གི་སྐུ་ཟླའི་མིང་ཐོག་ནས་ཐུགས་གསོའི་འཕྲིན་ཡིག་གཅིག་ཕུལ་འདུག་པ་དང་། དེའི་ནང་དུ།  ཁོང་མོའི་སྐུ་ཟླ་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor) སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ཤིན་ཏུ་ནས་བློ་ཕམ་བྱུང་བའི་སྐོར་དང་། ཚོགས་གཞོན་ནས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ནང་མི་ལྷན་རྒྱས་དང་། རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་པར་བརྗོད་འདུག 

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐོག་ནས་དམ་པ་ཁོང་དང་ལྷན་ཐེངས་མང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བའི་སྐོར་དང་། སྐབས་དེར་ཁོང་གི་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་ནི་བསྔགས་འོས་སུ་གྱུར་པ་ཞིག་ཆགས་ཡོད་པ།  གཞན་ཡང་དམ་པ་ཁོང་གིས་ང་ཚོའི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་པ་མ་ཟད། དམ་པ་ཁོང་གིས་རྒྱལ་ཁབ་དང་། མི་མང་ཆེད་དུ་རླབས་ཆེན་གྱི་ཞབས་འདེགས་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན་པར་འཁོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།