ཚོགས་ཟུར་སྤེན་པ་ཚེ་རིང་གིས་དངོས་སུ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུའི་གསལ་བསྒྲགས། 

སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་གིས་རྒྱ་གར་ལྷོ་ཕྱོགས་ནས་བོད་ཀྱི་མང་གཙོའི་དུས་ཆེན་ཉིན་ཏེ། ཕྱི་ཟླ་༩ ཚེས་༢ གྱི་མཚན་མོ་དངོས་སུ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་སོང་། 

ཚོགས་ཟུར་སྤེན་པ་ཚེ་རིང་གིས་རེས་གཟའ་ལྷག་པའི་དགོང་མོར་ངོ་དེབ་ཀྱི་ཐད་གཏོང་བརྒྱུད་དེ་ཁོང་བསླེབ་ལ་ཉེ་བའི་སྲིད་སྐྱོང་གི་འོས་འགྲན་ཆེན་མོའི་ནང་དངོས་སུ་ཞུགས་རྒྱུ་ཡིན་པ་དང་། སྲིད་སྐྱོང་འོས་གཞིར་ལངས་དགོས་པའི་རྒྱུ་མཚན། འདས་པའི་ཉམས་མྱོང་། བར་ལམ་གྱི་གནས་སྟངས། གལ་སྲིད་ཁོང་གིས་འདེམས་ཐོན་བྱུང་བ་ཡིན་ན། ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་གི་རིགས་ལམ་སོགས་འགྲེལ་བརྗོད་གནང་སོང་། 

དེ་བཞིན་ཁོང་གིས་ཡིག་ཐོག་གི་ཡོངས་ཁྱབ་གསལ་བསྒྲགས་སུ། སྲིད་སྐྱོང་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་དང་། ཉམས་མྱོང་། བར་ལམ་གྱི་གནས་སྟངས། ངའི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་རིགས་ལམ། འོས་བསྡུ་ཆེན་མོའི་སྐབས་ཀྱི་བསམ་པའི་ཁྱེར་སོ་བཅས་དོན་ཆེན་ཆེན་པོ་ལྔ་བཀོད་འདུག 

ཁོང་སྲིད་སྐྱོང་གི་འོས་མིར་ལངས་དགོས་པའི་རྒྱུ་མཚན་ཐད་ལ། “སྤྱི་པའི་ལས་དོན་སྒྲུབ་སྐབས། ཕྱི་ནང་གི་རྐྱེན་སྣ་ཚོགས་ཤིག་འཕྲད་སྲིད་ཀྱང་། ངའི་མི་ཚེ་ཧྲིལ་པོ་བོད་པའི་ཞབས་ཞུའི་ཐོག་འབུལ་རྒྱུའི་དམ་བཅའ་དེ་འགྱུར་བ་མེད་པར་བརྟན་པོར་གནས་ཡོད་”ཅེས་འཁོད་པའི་ཐོག སྤྱིར་སྤྱི་པའི་ལས་དོན་སྒྲུབ་པར་གོ་གནས་ཡོད་མེད་ལ་ཁྱད་མེད་ཀྱང་། སྲིད་སྐྱོང་གི་ལས་གནས་ནི་༧གོང་ས་མཆོག་གི་དགོངས་གཞི་གཙོ་བོར་བཞག་སྟེ་བོད་དང་བོད་མིའི་ཆེད་དུ་ཞབས་འདེགས་སྒྲུབ་པའི་ནུས་པ་ཐོན་ཆེ་ཤོས་དེ་ཡིན་སྟབས། “ངའི་ལོ་ནའི་བབ་དང་། གཟུགས་བབ་གནས་སྟངས། བསམ་བློའི་གནས་ཚད། ཉམས་མྱོང་། འཇོན་ཐང་བཅས་ཀྱི་ཆ་ནས་ཀྱང་སྲིད་སྐྱོང་ལས་གནས་ཐོག་ནུས་པ་འདོན་རྒྱུའི་དུས་ལ་བབས་ཡོད་”ཅེས་འཁོད་པ་མ་ཟད།“ངའི་ལྷག་གསམ་དང་། ཉམས་མྱོང་། འཇོན་ཐང་། མི་གཤིས་བཅས་པར་རྒྱུས་མངའ་ཡོད་པའི་མི་སྣ་མང་པོ་ཞིག་གིས་ཀྱང་ང་རང་འདིའི་སྲིད་སྐྱོང་འོས་གཞིར་ལངས་རྒྱུའི་རེ་བ་འཆང་གི་ཡོད་”ཅེས་འཁོད་འདུག 

ཁོང་གིས་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་མི་ལོ་༣༠ ལྷག་རིང་སྲི་ཞུ་དང་ཞབས་འདེགས་ཞུས་པའི་ཉམས་མྱོང་སྐོར་ལ། ཕྱི་རྒྱལ་ཡུལ་ལུང་འདྲ་མིན་གྱི་དཔོན་རིགས་དང་གནད་ཡོད་མི་སྣ་དང་ཐུག་འཕྲད་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་དང་འབྲེལ་འདྲིས། བོད་ནང་གི་གནས་སྟངས་ལ་ཉམས་ཞིབ། ༧གོང་ས་མཆོག་ལ་“མཚན་དམོད་སྒྲོ་སྐུར་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལན་བྱེད་པའི་ཆོད་སེམས་དང་བློ་སྟོབས་ཡོད་”ཅེས་གསུངས་འདུག 

“བར་ལན་གྱི་གནས་སྟངས་”ཞེས་པའི་དོན་ཚན་དུ། འདས་མ་ཐག་པའི་ལོ་གསུམ་ནང་བོད་སྤྱིར་ཞབས་ཞུ་བྱེད་པའི་གོ་སྐབས་མ་ཐོབ་པ་དེ་“ངའི་མི་ཚེའི་ནང་ཕངས་ཤོས་དེ་ཡིན་”ཞེས་འཁོད་པའི་ཐོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་མཚམས་འཇོག་བྱས་རྗེས། བྱང་ཨ་རིར་བོད་རིགས་གནས་སྤོའི་སྐོར་གྱི་ལོ་རྒྱུས་དེབ་གཅིག་རྩོམ་སྒྲིག་རྒྱུན་སྐྱོང་གནང་བ་དང་། དེ་ནས་སྤྱི་ཚོགས་ནང་ཡོངས་གྲགས་ཆགས་པའི་ཁ་མཆུ་ཨང་༢༠ པའི་ཐོག་“མི་འདོད་བཞིན་ལོ་ངོ་གཉིས་ཙམ་གྱི་དུས་ཚོད་གཏོང་དགོས་བྱུང་བ་”དང་། དེ་མིན་གྱི་དུས་ཚོད་མང་ཆེ་བ་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་ཞིབ་འཇུག་དང་། ད་ལྟའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་ལ་བསམ་གཞིགས་ཞུ་རྒྱུའི་ཐོག་ལ་བཏང་བ་མ་ཟད། “དྲ་ལམ་བརྒྱུད་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་། བཀའ་སློབ་ཁག་ལ་ལྟ་ཉན་ཞུས་པ་ཡིན་”ཚུལ་སོགས་འཁོད་འདུག 

ཁོང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ང་པ་“ངའི་ཆབ་སྲིད་དང་འཛིན་སྐྱོང་གི་རིགས་ལམ་”དུ། སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་བཅས་འབོད་ཚིག་གསུམ་བཏོན་པའི་ཞིབ་ཕྲའི་ “གནས་ཚུལ་རྣམས་བརྗོད་གཞི་རེ་རེ་དུས་ཚོད་གཏན་འབེབས་ཞུས་ཏེ་རིམ་པ་བཞིན་མང་ཚོགས་ལ་སྙན་གསེང་ཞུ་གི་ཡིན་”པའི་འགྲེལ་བརྗོད་གནང་འདུག 

འོས་བསྡུ་ཆེན་མོའི་སྐབས་ཀྱི་བསམ་པའི་འཁྱེར་སོ་དང་འབྲེལ་བའི་ཐད་ལ། ཁོང་གིས་ཁོང་རང་ཉིད་ཀྱི་འབྱུང་འགྱུར་ལས་དོན་གྱི་འཆར་གཞི་དང་འཆར་སྣང་འགྲེལ་བརྗོད་བྱེད་པ་མ་གཏོགས། འོས་མི་གཞན་གྱི་“མི་གཤིས་དང་ཀུན་སྤྱོད་ལ་སྐྱོན་བརྗོད་”བྱེད་རྒྱུ་མིན་པ་དང་། ད་ལྟའི་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་གང་ཅིའི་ཐོག་ལ་ཡག་སྡུག་གི་གླེང་སློང་ཞུ་རྩིས་མེད་པ། “ཐེངས་འདིའི་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ཁྲོད། ངས་གསར་འགྱུར་བརྒྱུད་ལམ་ཁག་ནས་འོས་གཞི་སྒེར་བ་སོ་སོར་དྲི་བ་དྲིས་ལན་དང་། མང་ཚོགས་ལ་དྲི་བ་དྲིས་ལན་གྱི་ལས་རིམ་བསྒྲིགས་པ་ཚོར་དང་ལེན་ཞུ་རྒྱུ་མ་གཏོགས། འོས་མི་ཚོར་དུས་བཀག་བཟུང་སྟེ་ཕན་ཚུན་གདོང་གཏུག་ལྟ་བུའི་བགྲོ་གླེང་ལས་རིམ་དང་། སྤྱི་ཚོགས་བརྒྱུད་ལམ་གྱི་ཚོགས་པ་འདྲ་མིན་ནས་བཅར་འདྲི་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བཀོད་སྒྲིག་བྱས་རིགས་ལ་དང་ལེན་ཞུ་རྩིས་མིན་”པ་སོགས་བཀོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།