འབའ་བ་བདེ་སྐྱིད་དབང་མོ་སྤྱི་འཐུས་འོས་མི་ནས་དགོངས་པ་མ་ཞུས་ཐབས་མེད་གྱུར།
ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༣ ཉིན། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་མདོ་སྟོད་འོས་མི་འབའ་པ་བདེ་སྐྱིད་དབང་མོ་ལགས་ཀྱིས། མ་སུ་རི་བོད་ཁྱིམ་གྱིས་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་མི་ཆོག་པ་ཟེར་བའི་བཀའ་ཡིག་གནང་བ་སོགས་ལ་བརྟེན། མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་ནས་ཕྱིར་འཐེན་བྱེད་དགོས་བྱུང་བའི་གསལ་བསྒྲགས་ཤིག་སྤེལ་འདུག

བདེ་སྐྱིད་དབང་མོ་ལགས་ཀྱིས་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་ཤར་ལ་སྐབས་༡༨ པའི་མདོ་སྟོད་ཀྱི་སྤྱི་འཐུས་འོས་མིའི་ཁོངས་སུ་མཉམ་ཞུགས་གནང་ཡོད་ན་ཡང་། ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༤ ཉིན། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ནས་སྒྲིག་གཞིའི་ནང་དུ་“བོད་གཞུང་ནས་དམིགས་བསལ་བཀོད་མངགས་བྱུང་ན་མ་གཏོགས་དགེ་ལས་སུ་ཞིག་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་ལས་འགུལ་སྤྱི་དང་། ཁྱད་པར་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་མཉམ་ཞུགས་བྱེད་མི་ཆོག་”ཅེས་པ་ལུང་དྲངས་ནས་བཀའ་ཡིག་ཅིག་གནང་ཡོད་འདུག
བདེ་སྐྱིད་དབང་མོས་འོས་མི་ལང་པ་དེ་གཞུང་འབྲེལ་ཡིན་མིན་སོགས་གསལ་པོ་བཟོ་ཆེད། དབུས་འོས་བསྡུ་ལས་ཁང་དུ་སྙན་ཞུ་ཞིག་ཕུལ་པར། འོས་བསྡུ་ལས་ཁང་ནས་“སྤྱིར་ཁྲིམས་སྒྲིག་དགོངས་དོན་བོད་ཀྱི་ཡུལ་མི་སུ་ཞིག་འོས་བསྡུའི་ནང་ཆ་ཤས་ལེན་ཆོག་པའི་ཐོབ་ཐང་ཡོད་པ་དེ་ལྟར་ཡང་། གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྒྲིག་འཛུགས་སོ་སོའི་ལས་བྱེད་རྣམ་པར་བླང་དོར་སྒྲིག་གཞི་ཟུར་དུ་གཏན་འབེབས་ཡོད་པ་ལྟར་ལས་བྱེད་སོ་སོས་དེ་ལྟར་རྩ་འཛིན་ལག་བསྟར་གནང་མུས་ཡིན་པས་དབུས་འོས་བསྡུ་ལས་ཁང་ནས་ཐེ་བྱུས་བྱ་ཐབས་བྲལ་བ་ཡིན་ཞེས་དང་།
གཞི་རྩའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དང་། གཞུང་འབྲེལ་སྒྲིག་འཛུགས་ཀྱི་ལས་བྱེད་སུ་ཞིག་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཁོངས་ཚུད་ཚེ། རང་གི་ལས་སྣེ་ནས་དགོངས་པ་ཞུ་དགོས་པ་ལས་དེའི་གོང་དགོངས་ཞུ་གནང་སྲོལ་མེད། ལར་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་མང་ཚོགས་ཀྱི་ཐད་ཀར་འོས་འདེམས་གནང་བའི་མང་གཙོའི་ཀ་བ་གསུམ་གྱི་དབུས་སམ་ས་གནས་ཀྱི་སྐུ་ཚབ་རྣམས་གཞུང་འབྲེལ་ཡིན་པ་དེ་དོན་དགོངས་འཇགས་ཞུ་ཞེས་ཡིག་ལན་ཕུལ་ནས་གསལ་པོ་གྱུར་རྗེས། བདེ་སྐྱིད་དབང་མོས་སླར་ཡང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་དུ་བླང་དོར་སྒྲིག་གཞིར་བརྩི་བཀུར་ཞུ་བཞིན་སྤྱི་འཐུས་སུ་མཉམ་ཞུགས་བྱེད་ཆོག་པའི་རེ་སྐུལ་ཞུས་ཀྱང་། ཕྱི་ལོ་༢༠༢༦ ཟླ་༡ ཚེས་༦ ཉིན། བོད་ཁྱིམ་ནས་ཁོང་ལ་བྱ་དཀའ་བའི་འདམ་ཀ་ཞིག་གནང་བར་བརྟེན། ཁོང་ལ་མི་མང་གི་རྒྱབ་སྐྱོར་དང་རེ་བ་ཡོད་བཞིན་དུ་འོས་མི་ནས་དགོངས་པ་མ་ཞུས་ཐབས་མེད་གྱུར་ཡོད་འདུག
བདེ་སྐྱིད་དབང་མོ་ནི་ཤེས་འཇོན་གཉིས་ལྡན་གྱི་མ་སུ་རི་བོད་ཁྱིམ་གྱི་རོགས་འཚོལ་སྡེ་ཚན་གྱི་འགན་འཛིན་ཡིན་པ་མ་ཟད། ཕ་དམ་པའི་ཁ་ཆེམས་དང་། ལྷག་པར་དུ་༧གོང་ས་མཆོག་དགོངས་ལྟར་བོད་དོན་འཐབ་རྩོད་དང་ཤེས་ཡོན་ཐོག་ཞབས་ཞུ་བསྒྲུབ་རྒྱུའི་དམིགས་ཡུལ་བཟུང་ནས་སྤྱི་འཐུས་སུ་བཞེངས་ཡོད་འདུག དེ་རིང་སྤྱི་འཐུས་འོས་མི་ནས་དགོངས་ཞུའི་ཡི་གེའི་ནང་། བདེ་སྐྱིད་དབང་མོས་ད་བར་ཁོང་ལ་རྒྱབ་སྐྱོར་ཚད་མཐོ་གནང་མཁན་མདོ་སྟོད་རྒྱ་ཆེ་མི་དམངས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།
