རྒྱ་གཞུང་གིས་འདམ་གཞུང་གི་འབྲོག་པ་དུད་ཚང་༡༩༦ ཙམ་སྟོད་ལུང་དུ་གནས་སྤོས་འདུག

རྒྱ་གཞུང་གིས་རང་ལྗོངས་སུ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་འབྲོག་པའི་སྐྱེ་ཁམས་གནས་སྤོས་ལག་བསྟར་ཞེས་པའི་ལས་གཞིའི་འོག བོད་ཀྱི་འབྲོག་པ་དང་འབྲོག་པའི་རིག་གནས་རྩ་གཏོར་བཏང་དང་གཏོང་བཞིན་པ་ལྟར། ཉིན་འགའི་སྔོན་དུ་འདམ་གཞུང་གི་འབྲོག་པ་དུད་ཚང་༡༩༦ ཙམ་སྟོད་ལུང་དུ་གནས་སྤོ་རུ་བཅུག་འདུག
དེ་རིང་སྟེ་ཕྱི་༩ ཚེས་༡ ཉིན་ཀྲུང་འགོའི་བོད་ཀྱི་གསར་འགྱུར་དྲ་བ་ཞེས་པར་གནས་ཚུལ་སྤེལ་གསལ།
ཕྱི་ཟླ་༨ ཚེས་༢༦ ནས་ཚེས་༣༠ བར་དུ་ འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་དུད་ཚང་༡༩༦ གི་གྲོང་མི་༩༥༡ གིས་ཁྱོན་ཡོངས་གནས་སྤོ་དང་ཁག་བགོས་ལག་བསྟར་གྱི་རྩ་དོན་ལྟར་འདམ་གཞུང་རྫོང་ནས་སྟོད་ལུང་བདེ་ཆེན་ཆུས་འཆམ་མཐུན་དགའ་ཚལ་གླིང་ཟེར་བར་སྤོས་ཏེ། ཁོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད་པར་བརྗོད་འདུག འབྲོག་པའི་རིག་གནས་ནི་བོད་ཀྱི་རིག་གནས་དག་མ་དེ་ཡིན་ལ། འབྲོག་པའི་ཁོར་ཡུག་ནི་ཡིད་དུ་འོང་ཞིང་ས་ཆུ་གཙང་། འབྲོག་པ་ནི་ལྷད་མེད་པའི་ཟས་གོས་རང་འགྲུབ་ཀྱིས་འཚོ་མཁན་ཞིག་ཡིན་ཡང་།
རྒྱ་གཞུང་གིས་འབྲོག་པ་མང་ཚོགས་ལ་སྨན་བཅོས་དང་སློབ་ཞུགས་ཀྱི་ཆ་རྐྱེན། དེ་བཞིན་ལས་ཞུགས་ཀྱི་གོ་སྐབས་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཡིན་པར་དྲིལ་བསྒྲགས་བྱས་ཏེ། ཕྱི་ཟླ་8ཚེས་28ཉིན་གྱི་སྔ་དྲོར། ཉེན་རྟོག་པ་དུ་མས་སྣེ་ཁྲིད་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོ་ནས་ཁྱིམ་ཆས་སྣ་ཚོགས་བླུགས་པའི་ཟོག་འདྲེན་རླངས་འཁོར་དང་སྤྱི་སྤྱི་རླངས་འཁོར་མང་པོ་ཞིག་བང་དུ་བསྒྲིགས་ཏེ། ཁྱོན་ཡོངས་ནས་གནས་སྤོ་དང་ཁག་བགོས་ལག་བསྟར་གྱི་རྩ་དོན་ཟེར་བ་ལྟར་དུ། མི་འདོད་བཞིན་དུ་འབྲོག་པའི་ཁྱིམ་ཚང་༡༩༦འདམ་གཞུང་རྫོང་ནས་སྟོད་ལུང་བདེ་ཆེན་ཡུལ་ཚོའི་གྲོང་ཁུག་སྐམ་པོ་ཞིག་ཏུ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་མིང་བྱང་སྙན་པོ་ཞིག་བཏགས་ཏེ་བསྐྱལ་ཡོད་པ་རེད། ད་དུང་འདི་ནི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཡིན་ཟེར། ཁོང་ཚོས་གནས་སྤོ་སའི་ཁང་ཁྱིམ་གང་འདྲ་ཞིག་ཏུ་ཡོད་ཀྱང་སྟོན་གྱི་མེད་པ་རེད། དེ་སྔོན་སྐྱེ་ཁམས་ཁོར་ཡུག་གི་མིང་འོག་ནས་ནག་ཆུའི་འབྲོག་པ་མང་པོ་ཞིག་གནས་སྤོ་བྱེད་དུ་བཅུག་རྗེས་དེར་འཛུགས་སྐྲུན་གཞན་འགའ་བྱས་པའི་གནས་ཚུལ་ཡོད་པ་རེད། དོན་དུ་འབྲོག་ས་བཙན་འཕྲོག་དང་འབྲོག་པའི་རིག་གནས་རྩ་གཏོར། དེ་བཞིན་འབྲོག་པ་རྣམས་ཕ་མེས་ཡང་མེས་ནས་གནས་འཆའ་སའི་འབྲོག་ས་གློ་བུར་དུ་བཙན་གྱིས་དོར་བཅུག་སྟེ་འཚོ་བའི་ཐོན་ཁུངས་མེད་སའི་གྲོང་ཁྱེར་གྱི་ས་ཁུག་སྐམ་པོ་ཞིག་ཏུ་བསྐྱལ་བ་ནི། འབྲོག་པ་རྣམས་ལ་དཀའ་སྡུག་གསར་པ་ཞིག་མྱོང་དུ་འཇུག་གི་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ལམ་བཟང་།