རྒྱ་གར་གྱི་ཧིན་དྷུའི་ཆོས་ལུགས་དུས་ཆེན་ཐོག་བོད་ནང་ས་ཡོམ་བྱུང་བར་མཆོད་འབུལ་སྨོན་ལམ་གནང་འདུག

འཛམ་གླིང་ཐོག་ཆོས་ལུགས་ཀྱི་དུས་ཆེན་ཆེ་ཤོས་ཀུམ་ཞེས་པའི་དུས་ཆེན་ཐོག་བོད་ནང་ས་འགུལ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་པ་དང་གནོད་འཚེ་འཕོག་མཁན་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད་འདུག་ལ། དིང་རི་རྫོང་ལ་སླར་ཡང་ས་འགུལ་ཚད་རིམ་པ་༥ ཅན་ཞིག་བརྒྱབ་འདུག

པར། བརྒྱུད་ལམ་ཁག

ཟླ་འདིའི་ཚེས་༡༣ ཉིན་(ANI) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཐོག་ཆོས་ལུགས་ཀྱི་དུས་ཆེན་ཆེ་ཤོས་ཀུམ་(Kumbh) ཞེས་པའི་ཧིན་དྷུ་ཆོས་ལུགས་ཀྱི་དུས་ཆེན་དེ་ཟླ་འདིའི་ཚེས་༡༣ ཉིན་འགོ་བཙུགས་པ་དང་བསྟུན། བོད་ནང་ས་འགུལ་ཁྲོད་འདས་གྲོངས་སུ་གྱུར་པ་དང་གནོད་འཚེ་འཕོག་མཁན་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད་འདུག

མཆོད་འབུལ་དང་འབྲེལ་ཧིན་དྷུའི་བླ་ཆེན་(Swami Chidanand) མཆོག་གིས། ངས་དེ་རིང་སངྒམ་(Sangam) ཆུ་བོའི་འགྲམ་ནས་ཉེ་ལམ་བོད་དང་བལ་ཡུལ་ལ་ས་འགུལ་བྱུང་སྟེ། ཁང་པ་ཞིག་པ་དང་ཚེ་སྲོག་ཤོར་མཁན་རྣམས་ཀྱི་ཆེད་དུ་སྨོན་ལམ་བརྒྱབ་པ་ཡིན་ཞེས་དང་། ང་ཚོ་རྒྱ་གར་བ་ཚང་མ་ཁྱེད་ཅག་དང་མཉམ་དུ་ཡོད། རྒྱ་གར་དང་རྒྱ་ནག བོད་གསུམ་གྱི་འབྲེལ་ལམ་དར་རྒྱས་འགྲོ་བཞིན་ཡོད་ལ། མུ་མཐུད་ཞི་བདེའི་ངང་མཉམ་གནས་བྱེད་དགོས་ཞེས་བརྗོད་འདུག

ཟླ་འདིའི་ཚེས་༧ ཉིན་གྱི་ཞོགས་པ་བོད་ནང་གི་སྟོད་དིང་རི་ཁུལ་དུ་ས་འགུལ་ཚད་རིམ་༧.༡ བརྒྱབ་ནས་ད་བར་རྒྱ་ནག་གཞུང་གི་གསར་ལམ་གྲངས་ཐོ་ལྟར་ན་མི་གྲངས་༡༢༦་དང་བོད་མི་ཚོས་རྙེད་པ་༡༣༤ ཡས་མས་འདས་གྲོངས་སུ་ཕྱིན་ཞིང་། མི་གྲངས་༣༣༨ ་རྨས་སྐྱོན་ཕོག་ཡོད་འདུག

པར། ANI གསར་ཁང་།

དེ་བཞིན་ཟླ་འདིའི་ཚེས་༡༣ ཉིན་རྒྱ་ནག་གི་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༣ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་༨།༥༨ ཐོག་དིང་རི་རྫོང་དུ་སླར་ཡང་ས་འགུལ་རིམ་པ་༥ ཅན་ཞིག་བརྒྱབ་ཡོད་འདུག་ཀྱང་མི་རྒྱུ་ལ་གནོད་འཚེ་ཕོག་པའི་གནས་ཚུལ་བཀོད་མི་འདུག ཚེས་༡༣ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཚེས་༡༣ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་༨།༥༧ ཐོག་བདུན་ཕྲག་སྔོན་མའི་ས་འགུལ་འབྱུང་སའི་ལྟེ་བ་ནས་ཀི་ལོ་མི་ཊར་༩ ཡི་མཚམས་སུ་ས་འགུལ་རིམ་པ་༤.༩ ཅན་ཞིག་བརྒྱབ་ནས་སྐར་མ་གཅིག་གི་རྗེས་སུ་ཡང་བསྐྱར་ས་འགུལ་རིམ་པ་༥ ཅན་ཞིག་བརྒྱབ་ཡོད་པ་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།