རྒྱ་ནག་གཞུང་གིས་དབྱིན་ཇིའི་མིང་ཚིག་“Tibet”ཞེས་པ་བཀོལ་སྤྱོད་བྱེད་མཚམས་བཞག
རྒྱ་ནག་གི་གཞུང་འབྲེལ་དབྱིན་ཇིའི་གསར་ཁང་ཆེ་ཤོས་ཏེ། གོ་ལས་དུས་བབ་(Global Times) ཀྱིས་“Tibet”ཞེས་པའི་མིང་ཚིག་དེ་བཀོལ་སྤྱོད་བྱེད་མཚམས་བཞག་ནས། དེའི་ཚབ་ཏུ་“Xizang”ཞེས་པའི་མིང་ཚིག་དེ་བེད་སྤྱོད་གཏོང་འགོ་བརྩམས་ཟིན་འདུག
དབྱིན་ཡིག་ཏུ་བོད་ལ་ Tibet ཟེར་ཞིང་། མིང་ཚིག་དེ་ཡོངས་གྲགས་དང་རྒྱ་ཁྱབ་ཏུ་གྱུར་ནས་ལོ་ངོ་བརྒྱ་ཕྲག་སོང་ཡོད་པ་ལྟར། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ད་བར་དུ་དབྱིན་ཇིའི་མིང་ཚིག་དེ་རང་བེད་སྤྱོད་བྱས་ནས་ཡོང་ཡོད་ན་ཡང་། ཤར་ཏུར་ཁི་སི་ཐན་དུ་དྲག་གནོན་བྱེད་མཁན་གྱི་གཏེ་དཔོན་ཝང་ཇོན་ཀྲིན་(Wang Junzheng)“ བོད་རང་སྐྱོང་ལྗོངས་”ཀྱི་དྲུང་ཆེར་བསྐོ་བཞག་བྱས་རྗེས། མིང་ཚིག་དེ་བཀོལ་སྤྱོད་བྱེད་མཚམས་བཞག་ནས་དེའི་ཚབ་ཏུ་“Xizang”ཞེས་པའི་ཚིག་དེ་བཀོལ་འགོ་བརྩམས་ཟིན་འདུག
ཟླ་འདིའི་ཚེས་ ༢༦ ཉིན་ Bitter Winter ཞེས་པའི་དྲ་བ་ཡིས་“རྒྱ་ནག་གིས་བོད་ཀྱི་མིང་ཡང་རྐུ་བཞིན་ཡོད་”ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་པའི་ནང་། རྒྱ་ནག་གི་དབྱིན་ཇིའི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཀྱིས་“Xizang”ཞེས་པའི་མིང་ཚིག་དེ་ཟླ་འདིའི་ཚེས་ ༢༠ ཉིན་བཀོལ་སྤྱོད་བྱེད་འགོ་བརྩམས་པའི་གནས་ཚུལ་གསལ་འདོན་བྱས་འདུག
རྩོམ་ཡིག་དེའི་ནང་དུ། ཝང་ཇན-ཧྲན་“བོད་རང་སྐྱོང་ལྗོངས་”ཀྱི་དྲུང་ཆེར་འཁོད་མ་ཐག ཁོས་སྤེལ་བའི་བྱ་སྤྱོད་ཐོག་མ་དེ། དབྱིན་ཡིག་དང་ནུབ་ཕྱོགས་ཀྱི་སྐད་ཡིག་གཞན་གྱི་ནང་དུ་“Tibet” ཞེས་པའི་ཐ་སྙད་དེ་རིམ་གྱིས་“Xizang” ལ་སྒྱུར་རྒྱུའི་དམར་ཤོག་ཚོགས་པའི་སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་དེ་ཡིན་པ་དང་། མ་འོངས་པར་ནུབ་ཕྱོགས་ཀྱི་སྐད་ཡིག་ཚང་མའི་ནང་གི་རྒྱའི་གཞུང་འབྲེལ་ཡིག་ཆའི་ནང་“Tibet” ཡི་ཚབ་ཏུ་“Xizang” བཀོལ་སྤྱོད་བྱེད་སྲིད་པའི་ཚོད་དཔག་བྱས་འདུག
དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱའི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ནས་བོད་ཀྱི་ཉིང་ཁྲིའི་ནགས་ཚལ་དུ་མེ་ཤོར་བ་བསད་པའི་སྐོར་གྱི་བོད་དང་འབྲེལ་བའི་གསར་འགྱུར་ཞིག་སྤེལ་འདུག་པའི་ནང་། གསལ་བཤད་ཀྱི་ཚུལ་དུ་གུག་རྟགས་ནང་དུ་བཅུག་པའི་“Tibet”གཅིག་ལས། གཞན་ཐམས་ཐད་“Xizang”ཞེས་པའི་ཚིག་དེ་ཁོ་ན་བེད་སྤྱོད་བྱས་འདུག་པར་བལྟས་ན། མི་འགྱང་བར་རྒྱ་ནག་གཞུང་གི་དབྱིན་ཇིའི་གསར་འགྱུར་དང་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་དུ་ Tibet ཞེས་པའི་ཚིག་དེ་ཡོངས་སུ་བཀོལ་མཚམས་འཇོག་རྒྱུ་ཡིན་པར་སྣང་།
གསར་འགོད་པ་དཀོན་མཆོག་རབ་བརྟན།