རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཕྱིར་འགྱངས་བྱས་འདུག
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧ པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཚོག་འཆར་ཡོད་པ་དེ་ད་ལྟ་ཕྱིར་འགྱངས་བྱས་ཡོད་འདུག་ཅིང་། དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གྱི་གནད་དོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག
རྒྱ་གར་གྱི་གསར་ཁང་ཧིན་རྡུ་(The Hindu) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༤ པའི་ཚེས་༢༦ ནས་༢༨ བར་ཉིན་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧ པ་འཚོག་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་དེ་ཕྱིར་འགྱངས་བྱས་ཡོད་འདུག་ཅིང་། དེའི་རྒྱུ་མཚན་ནི་མི་རིང་བར་རྒྱ་དཀར་ནག་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཁག་ཅིག་ཐུག་འཕྲད་བྱ་རྒྱུ་ཡིན་སྟབས། ཕྱོགས་གཉིས་ཕན་ཚུན་གྱི་འབྲེལ་ལམ་ཐད་ད་ལྟ་ཧ་ཅང་ཚོར་བ་སྐྱེན་པོ་ཆགས་ཡོད་པས་ཡིན་འདུག
གནས་ཚུལ་འདི་ནི་འདི་ལོའི་ཕྱི་ཟླ་༣ པའི་ནང་༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་གཞུང་མང་གཉིས་ལ་བོད་མིའི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཞིག་འགོ་འཛུགས་བྱེད་འཆར་ཡོད་པ་དེ་ཕྱིར་འགྱངས་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང་། ཐུགས་རྗེ་ཆེ་ཞུའི་ལས་འགུལ་དེ་ཕྱིར་འགྱངས་བྱེད་དགོས་ཁེལ་བའི་རྒྱུ་མཚན་ནི། རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཝཱི་ཇིས་གྷོ་ཁ་ལེས་བཀའ་རྒྱ་ཞིག་བཏང་ནས། ལས་འགུལ་གྱི་ཡས་མས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐོ་རིམ་དཔོན་རིགས་རྣམས་ཐུག་འཕྲད་བྱེད་འཆར་ཡོད་སྟབས། ཕྱོགས་གཉིས་ཕན་ཚུན་གྱི་འབྲེལ་ལམ་ཐད་ཧ་ཅང་ཚོར་བ་སྐྱེན་པའི་དུས་སྐབས་ཤིག་གྱུར་ངེས་ཡིན་སྟབས། རྒྱ་གར་དབུས་དང་མངའ་སྡེ་གཉིས་ཀའི་མཐོ་རིམ་དཔོན་རིགས་རྣམས་དང་གཞུང་གི་ལས་བྱེད་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་ནང་གཏན་ནས་མཉམ་ཞུགས་བྱེད་མི་ཉན་སྐོར་བརྗོད་ཡོད་པ་དང་། དེ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཕྱིར་འགྱངས་བྱས་ཡོད་པ་རེད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་༦ པ་དེ་ཕྱི་ལོ་༢༠༡༢ ལོར་ཁེ་ན་ཌར་འཚོགས་ཡོད་འདུག་ཅིང་། སྐབས་དེར་རྒྱལ་ཁབ་༣༠ ཡི་གྲོས་ཚོགས་མི་སྣ་༥༠ ལྷག་འཛོམས་ཡོད་འདུག
ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡༢ པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་རུ་བསྐྱོད་དེ། རྒྱ་གར་གྱི་གྲོས་ཚོགས་མི་སྣ་ཁག་ཅིག་དང་ཐུག་འཕྲད་བྱས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་༧ པའི་ཐོག་ཕེབས་ཆེད་མགྲོན་བརྡ་ཕུལ་ཡོད་འདུག
གནད་དོན་འདིའི་ཐོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བྷེ་ཇི་པེའི་གྲོས་ཚོགས་འཐུས་མི་ཟུར་པ་ཤཱན་ཏ་ཀུ་མར་གྱིས་“རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོག་རྒྱུ་དེ་ཕྱིར་འགྱངས་བྱས་ཡོད་རེད་”ཅེས་བརྗོད་ཡོད་འདུག་ཅིང་། ཁོང་ནི་ལྷན་ཚོགས་དེའི་གོ་སྒྲིག་ཚོགས་མི་ཞིག་ཡིན་འདུག
གནད་དོན་འདིའི་ཐོག་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་གློ་བུར་གྱི་གནས་སྟངས་ཤིག་ལ་བརྟེན་ནས་དེ་ལྟར་བྱུང་བ་ཞིག་ཡིན་སྐོར་བརྗོད་པ་ལས། གཞན་རྒྱུ་མཚན་དམིགས་བསལ་བ་གང་ཡང་བརྗོད་མེད་འདུག་པ་དང་། དེ་བཞིན་རྒྱ་གར་ཕྱི་འབྲེལ་ལྷན་ཁང་གིས་ཀྱང་གཞུང་འབྲེལ་གྱི་ཐོག་ནས་གནད་དོན་འདིའི་ཐོག་ལ་འགྲེལ་བརྗོད་གང་ཡང་བྱས་མེད་འདུག འོན་ཀྱང་། བོད་དོན་ཐོག་རྒྱལ་ཁབ་༢༠ ལྷག་གི་གྲོས་ཚོགས་མི་སྣ་འཛོམས་རྒྱུའི་ཚོད་དཔག་བྱེད་བཞིན་པའི་ཚོགས་ཆེན་ཞིག་འཚོག་རྒྱུར་གྲ་སྒྲིག་ཡོད་པ་ཤེས་མཁན་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་གིས། གནད་དོན་འདི་ནི་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ན་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་མཛད་སྒོ་འཚོག་འཆར་ཡོད་པ་དེ་ཕྱིར་འཐེན་བྱས་པ་དང་རྒྱུ་མཚན་གཅིག་པ་ལ་བརྟེན་ནས་བྱུང་བ་ཡིན་སྐོར་བརྗོད་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ལས་རིམ་དེ་རིགས་ཕྱིར་འགྱངས་བྱས་པའི་ཐོག ལྡི་ལིའི་དོན་གཅོད་ཀྱི་མགྲིན་ཚབ་པས། རྒྱ་གར་གཞུང་ནས་ཐད་ཀར་ལྷན་ཚོགས་དེ་རིགས་ཕྱིར་འཐེན་བྱེད་དགོས་པ་བརྗོད་མེད་ཀྱང་། ཉེ་ཆར་རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཝཱི་ཇེས་གྷོ་ཁ་ལེས། བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྐབས་རྒྱ་དཀར་ནག་གི་གཉིས་ཀྱི་འབྲེལ་ལམ་དེ་ཚོར་བ་སྐྱེན་པོའི་དུས་ལ་ཡིན་པས། རྒྱ་གར་དབུས་དང་མངའ་སྡེའི་མཐོ་རིམ་དཔོན་རིགས་རྣམས་དང་གཞུང་གི་ལས་བྱེད་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ནང་མཉམ་ཞུགས་བྱེད་མི་རུང་བའི་བཀོད་ཁྱབ་བཏང་རྗེས། རྒྱ་གར་གཞུང་གི་སེམས་འཚབ་དེ་བོད་མིའི་འགོ་ཁྲིད་ཚོར་བརྡ་ལན་འཕྲོད་ཡོད་སྐོར་བརྗོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།