སྒྲིག་གཞི་མ་རེད་ལམ་སྟོན་རེད།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༨༡། 

ཉེ་ཆར་བཀྲ་ཤིས་སྟོབས་རྒྱལ་གྱིས་སྲིད་སྐྱོང་འོས་མིའི་དྲིལ་བསྒྲགས་སྐབས། བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད་བྱས་པ་མ་ཟད། འགྲེལ་བཤད་ལོག་པ་མང་པོ་ཞིག་བརྒྱབ་པར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་ཁོང་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོགས་འདུག དེ་དང་འབྲེལ་ནས་སྤྱི་ཚོགས་ནང་བོད་ཀྱི་རྒྱལ་དར་དང་། ༧གོང་ས་མཆོག་གི་སྐུ་པར། བོད་ཀྱི་ས་བཀྲ་སོགས་བེད་སྤྱོད་གཏོང་མི་ཆོག་པ་དེ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ཡིན་ཤག་བྱེད་བཞིན་པ་དང་། མི་མང་དཀྱུས་མ་ཙམ་མ་ཡིན་པར་གསར་འགོད་པ་རེ་ཟུང་གིས་ཀྱང་བཀྲ་ཤིས་སྟོབས་རྒྱལ་གྱིས་འོས་བསྡུའི་སྒྲིག་གཞི་དང་འགལ་བར་ངོས་འཛིན་གྱིས་དྲི་བ་དྲིས་པ་མཐོང་རྒྱུ་འདུག དོན་དངོས་སུ་རྒྱལ་དར་དང་། སྐུ་པར། ས་བཀྲ་བཅས་འོས་བསྡུའི་དྲིལ་བསྒྲགས་སྐབས་བེད་སྤྱོད་མི་ཆོག་ཅེས་པ་དེ་འོས་བསྡུའི་འགན་འཛིན་སྔ་རྗེས་ཀྱི་ལམ་སྟོན་ཙམ་ཡིན་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་དེའི་སྐོར་གང་ཡང་མེད།

འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང་ལས་རོགས་གཉིས་ཀྱིས་ཕྱི་ལོ་༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ལམ་སྟོན་ཐོག་མར་བྱས་པ་ཞིག་རེད་ལ། ཕྱི་ལོ་༢༠༢༡ ལོའི་འོས་བསྡུའི་སྐབས་ཀྱང་མུ་མཐུད་འོས་བསྡུའི་འགན་འཛིན་རྣམ་པས་ལམ་སྟོན་ནང་དེ་ལྟར་འཁོད་ཡོད། ཕྱི་ལོ་༢༠༢༦ ལོའི་འོས་བསྡུའི་སྐབས་སླར་ཡང་འོས་བསྡུའི་འགན་འཛིན་རྣམ་པས་མུ་མཐུད་ལམ་སྟོན་ནང་དེ་བཀོད་པ་ཙམ་རེད། འོན་ཀྱང་འོས་བསྡུའི་སྒྲིག་གཞིའི་ནང་གསལ་མེད་པ་ཙམ་གྱིས་ལག་བསྟར་མི་དགོས་པ་ཞིག་མིན་ལ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ ནང་གསེས་༩ པ། “སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས་”ཞེས་དང་། དེ་དང་འགལ་ཚེ་ཉེས་ཆད་ཇི་ལྟར་གཅོད་ཕྱོགས་ཀྱང་། “སྐབས་འཕྲལ་འོས་བསྡུ་ལས་ཁང་ནས་གཏན་འབེབས་ཇི་གནང་ལྟར་ལག་བསྟར་བྱ་རྒྱུ་”ཞེས་གསལ་པོ་བཀོད་ཡོད།

ད་ལན་འོས་བསྡུ་ལས་ཁང་ནས་བཀྲ་ཤིས་སྟོབས་རྒྱལ་ལ་ཐག་གཅོད་བྱས་པ་དེ་སྒྲིག་གཞིའི་དགོངས་དོན་དང་མི་མཐུན་པ་ཞིག་རེད་ཅེས་བརྗོད་ཐབས་གང་ཡང་མེད་པ་ཞིག་ཡིན་ཡང་། འོས་བསྡུའི་དྲིལ་བསྒྲགས་སྐབས་བོད་ཀྱི་རྒྱལ་དར་དང་། བོད་ཀྱི་ས་བཀྲ་བེད་སྤྱོད་བཏང་ན་ཡག་པོ་མེད་པའི་བསམ་ཚུལ་དེ་འོས་བསྡུའི་འགན་འཛིན་སྔ་རྗེས་ལ་ཇི་ལྟར་བྱུང་བ་ཞིག་ཡིན་མིན་དེ་དྲི་བ་ཞིག་རེད། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ན་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད་བཏང་ན་མི་མང་གི་བསམ་བློ་སྒྱུར་རྒྱུའི་ནུས་པ་ཆེན་པོ་ཡོད་པ་དེ་དོན་དངོས་རེད་ལ། ལྷག་པར་དུ་༧གོང་ས་མཆོག་དང་མཉམ་དུ་བརྒྱབ་པའི་སྐུ་པར་སོགས་བེད་སྤྱོད་བྱས་ནས་དད་པ་ཆེ་མཆོག་དང་། ༧གོང་ས་མཆོག་གིས་ཐུགས་རྩིས་ཆེན་པོ་གནང་གི་ཡོད་མདོག་བསྟན་ནས་མི་མང་བསླུ་བྲིད་བྱེད་ཐུབ་ངེས་ཡིན་པས། འོས་བསྡུའི་འགན་འཛིན་སྔ་རྗེས་ཀྱིས་༧གོང་ས་མཆོག་གི་སྐུ་པར་འོས་བསྡུའི་དྲིལ་བསྒྲགས་སྐབས་བེད་སྤྱོད་མི་ཆོག་པ་བཟོས་པར་རྒྱུ་མཚན་དང་གནས་ལུགས་ཆེན་པོ་འདུག

བོད་ཀྱི་རྒྱལ་དར་དང་། བོད་ཀྱི་ས་བཀྲ་བེད་སྤྱོད་བཏང་བ་ཙམ་གྱིས་འོས་མི་དེ་ལ་འོས་ཤོག་མང་དུ་འགྲོ་བའི་ནུས་པ་དམིགས་བསལ་གང་ཡང་མེད་ལ། ཕྱོགས་གཞན་ཞིག་ནས་བསམ་ན་བོད་ཀྱི་རྒྱལ་དར་སོགས་ཁྱབ་བསྒྲགས་མང་པོ་བྱེད་དགོས་པ་ཞིག་ཡིན་པས། འོས་བསྡུའི་དྲིལ་བསྒྲགས་སྐབས་འོས་མི་སུ་ཞིག་གིས་བེད་སྤྱོད་བཏང་ཡང་མི་ཆོག་པ་ཞིག་མ་རེད། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཕྱོགས་ནས་བསམ་བློ་བཏང་ཡང་འོས་བསྡུའི་སྐབས་བོད་ཀྱི་རྒྱལ་དར་བེད་སྤྱོད་བཏང་ན་བཟང་ཕྱོགས་ལས་ངན་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡང་མེད། དེར་བརྟེན་འོས་བསྡུའི་འགན་འཛིན་སྔ་རྗེས་ཀྱིས་དེ་ལ་བསམ་བློ་གཏིང་ཟབ་མོ་ཞིག་བཏང་ཡོད་ངེས་ཡིན་ཡང་། རྒྱབ་ལྗོངས་ཀྱི་བསམ་བློ་དང་དེའི་ཤུགས་རྐྱེན་སོགས་འགྲེལ་བརྗོད་ཁ་གསལ་ཞིག་མ་བྱུང་བ་དེ་སྲིད་ཀྱི་བར་དུ་དེ་ལ་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་མི་ཐུབ་པ་ཞིག་རེད། ལམ་སྟོན་ནང་བཀོད་པ་དེ་དག་ལའང་གནས་ལུགས་དང་རྒྱུ་མཚན་ཡོད་མེད་བསམ་བློ་གཏོང་ཆོག་པ་ཞིག་ཡིན་པ་མ་ཟད། བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་ཀྱང་རེད།

མདོར་ན་སྲིད་སྐྱོང་གི་འོས་བསྡུ་དེ་རྩེད་ཆས་ལྟ་བུར་ངོས་འཛིན་བྱེད་པ་ནི་མི་སུ་ཡིན་ཡང་དུས་ནམ་ཡང་འགྲིག་པར་ངོས་འཛིན་བྱེད་མི་འོས་ལ། དེ་བཞིན་འོས་གཞི་སུ་དང་སུ་ཡིན་ཡང་ཐག་གཅོད་བྱེད་མཁན་གྱི་ངོས་ནས་འདྲ་མཉམ་བྱེད་དགོས་པ་དེའང་ཧ་ཅང་གལ་ཆེ་བ་ལས། ནུས་པ་དང་རྒྱབ་ལྗོངས་ཆེན་པོ་མེད་མཁན་དག་ལ་གཞི་རྩའི་ཐོབ་ཐང་ཡིན་ཡང་འཕྲོག་ཆོག་ཆོག་དང་། ནུས་པ་དང་རྒྱབ་རྩ་ཆེན་པོ་ཡོད་པའི་མི་སྣ་དག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཐག་བཅད་ཀྱང་ལག་བསྟར་གང་ཡང་མི་དགོས་པ་ནི། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལག་བསྟར་གྱི་ཐོག་ནས་ཁ་ཤས་ལ་སྤྱན་གྱིས་གཟིགས་པ་དང་། ཁ་ཤས་ལ་མིག་གིས་བལྟས་པ་ལྟ་བུར་གྱུར་ཡོད་པས། འདྲ་མཉམ་དང་དྲང་བདེན་ཞིག་གཏན་ནས་མིན། ད་ལྟའི་ཆར་གང་ཟག་སྒེར་དང་འབྲེལ་བ་ཡག་སྡུག་ཁོ་ན་ལས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གནས་ལུགས་དང་རྒྱུ་མཚན་རྩ་འཛིན་བྱེད་པའི་ལུགས་སྲོལ་དེ། གོང་འོག་བར་གསུམ་ཚང་མའི་ནང་དུ་ཧ་ལམ་མཐོང་དཀོན་པ་ལྟ་བུར་གྱུར་ཡོད་པའི་གནས་ཚུལ་ནི་ཡ་ང་བ་ཞིག་ཏུ་གྱུར་མེད་དམ།།