ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་འདུག

ཨ་རིའི་གྲོས་ཚོགས་འོག་མ་ནང་དུ་རྒྱབ་སྐྱོར་ཐོབ་ཟིན་པ་ལྟར། ཐེངས་འདིར་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གཏན་འབེབས་བྱས་འདུག་པས། སྲིད་འཛིན་ཊོམ་གྱིས་མིང་རྟགས་བཀོད་རྗེས་ཁྲིམས་སུ་གཏན་འབེབས་ཆགས་རྒྱུ་རེད་འདུག 

ཟླ་༡༢ པའི་ཚེས་༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མ་ནང་དུ། ངེས་པར་དུ་གཏན་འབེབས་བྱེད་དགོས་པའི་འགྲོ་གྲོན་གྱི་ཁྲིམས་འཆར་(spending bill) ནང་དུ། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཡང་མཉམ་སྦྱར་བྱས་འདུག་པ་དང་། གྲོས་ཚོགས་གོང་མ་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་འདུག་པས། བོད་དོན་ཁྲིམས་འཆར་དེ་གྲོས་ཚོགས་གོང་མ་ནས་རྒྱབ་སྐྱོར་ཐོབ་འདུག 

ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཆེད་དུ་ཨ་རིར་ཕེབས་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཨ་རིའི་གྲོས་ཚོགས་ནང་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་པ་དེས། བོད་དོན་ནི་ཨ་རིས་གནད་དོན་གལ་ཆེན་དུ་འཛིན་བཞིན་ཡོད་པ་དང་༧གོང་ས་མཆོག་དང་བོད་མི། བོད་མིའི་སྒྲིག་འཛུགས་བཅས་ལ་རྒྱབ་སྐྱོར་བརྟན་པོ་མུ་མཐུད་བྱེད་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་བཏང་ཡོད་པ་དང་། ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་ནང་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་རྣམས། དེ་བཞིན་ཁྲིམས་འཆར་དེའི་ཆེད་དུ་ཞུ་གཏུག་ལས་འགུལ་ཤུགས་ཆེན་སྤེལ་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་ས་གནས་གཞོན་ནུ་ལྷན་ཚོགས་ཁག བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིར་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག 

བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་༢༠༡༩ ཞེས་པའི་ཁྲིམས་འཆར་དེ་ནི་ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་སྲིད་བྱུས་ཁྲིམས་བསྐྱར་བཅོས་བྱེད་ཆེད་ཅིག་ཡིན་འདུག དེའི་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གཙོས་པའི་བླ་སྤྲུལ་ཁག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིའི་གཞུང་གིས་དཔལ་འབྱོར་དང་ཐོངས་མཆན་སོགས་ཀྱི་ཉེས་ཆད་གཏོང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་དང་ཞི་མོལ་བྱེད་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཅིག་འཛུགས་པའི་ཆོག་མཆན་མ་སྤྲད་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་དང་ལས་དོན་ཁང་གསར་པ་འཛུགས་རྒྱུར་ཆོག་མཆན་སྤྲོད་མི་ཆོག་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། བོད་ཀྱི་ཆོས་རིག་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་སོགས་འཁོད་འདུག

ཁྲིམས་འཆར་དེ་ཐོག་མར་ཕྱི་ལོ་༢༠༡༩ ལོའི་ཟླ་༩ པའི་ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་གྱིས་བཏོན་ཡོད་པ་དང་། ཟླ་༩ པའི་ཚེས་༢༤ ཉིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷེཡོ་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་བྷན་ཁར་ཌེན་གཉིས་ཀྱིས་གྲོས་ཚོགས་གོང་མའི་ནང་དུ་བཏོན་ཡོད་པ་རེད།  ཟླ་༡ པོའི་ཚེས་༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། ཕྱི་ལོ་༢༠༡༩ བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ། གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་ཤོག་འཕངས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༢༢༩ དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༡༦༣ གིས་རྒྱབ་སྐྱོར་བྱས་ཏེ་ཁྱོན་བསྡོམས་གྲོས་ཚོགས་འཐུས་མི་༣༩༢ ཀྱིས་རྒྱབ་སྐྱོར་བྱས་ནས་མང་མོས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་འདུག དེ་བཞིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༡ དང་རང་དབང་ཅན་གྱི་གྲོས་ཚོགས་འཐུས་མི་༡ བཅས་ཁྱོན་བསྡོམས་གྲོས་ཚོགས་འཐུས་མི་༢༢ ཀྱིས་དགག་བྱ་བྱས་ཡོད་པ་རེད། གྲོས་ཚོགས་གོང་མའི་ནང་དུ་ངེས་པར་དུ་གཏན་འབེབས་བྱེད་དགོས་པའི་ཁྲིམས་འཆར་ནང་དུ་བཏོན་ཡོད་པས། འོས་ཤོག་འཕེན་མི་དགོས་པར་རྒྱབ་སྐྱོར་ཐོབ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།