ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་དགོངས་པ་ཞུས་འདུག

ད་ལྟ་རང་ལོ་༨༥ ཡིན་པའི་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་དང་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སིས་ཐེངས་རྗེས་མའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྐབས་སུ་འོས་མིར་ལང་རྒྱུ་མིན་པ་བརྗོད་འདུག


ཕྱི་ཚེས་༦ ཉིན་བྷི་བྷི་སི་དང་གཞན་ཨ་རིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། བོད་དོན་ཐོག་ལ་དུས་ཡུན་རིང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ལྕམ་ནན་སི་པེ་ལོ་སིས་ཐེངས་རྗེས་མ་ཕྱི་ལོ་༢༠༢༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་དུ་མཉམ་ཞུགས་གནང་རྒྱུ་མིན་པ་དང་། དེ་ནི་མང་གཙོ་ཚོགས་པའི་ནང་གཞན་ལ་འགོ་ཁྲིད་ཀྱི་གོ་སྐབས་སྤྲོད་ཆེད་ཡིན་ཞེས་གསུངས་འདུག ཁོང་ནི་ཨ་རིའི་ལོ་རྒྱུས་ནང་བུད་མེད་ཆབ་སྲིད་ཁྲོད་ཤུགས་རྐྱེན་ཆེ་ཤོས་གྲས་ཤིག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོའི་གོ་གནས་བཟུང་མྱོང་མཁན་གྱི་བུད་མེད་ཐོག་མ་དེ་ཡིན།
ཁོང་གིས་ཐོག་མར་ཕྱི་ལོ་༡༩༨༧ ལོར་ཨ་རིའི་མངའ་སྡེ་(California)གྲོང་ཁྱེར་(San Francisco)ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་ཡོད་པ་དང་། སྐབས་དེར་རང་ལོ་༤༧ ཡིན་འདུག དེ་རྗེས་ཕྱི་ལོ་༢༠༠༧ ནས་༢༠༡༡ བར་གྲོས་ཚོགས་འོག་མའི་བུད་མེད་ཚོགས་གཙོ་ཐོག་མ་དེ་ཆགས་ཡོད་ཀྱང་། ཕྱི་ལོ་༢༠༡༡ རྗེས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པར་མང་མོས་མ་ཐོབ་པའི་རྐྱེན་གྱིས་ཁོང་ལ་ཚོགས་གཙོ་བྱེད་རྒྱུའི་གོ་སྐབས་མ་བྱུང་ཡང་། ཕྱི་ལོ་༢༠༡༩ ནས་༢༠༢༣ བར་བསྐྱར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོའི་འགན་འཁུར་འདུག ཕྱི་ལོ་༢༠༠༣ ནས་༢༠༢༣ བར་ཁྱོན་མི་ལོ་༢༠ རིང་ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་སྣེ་ཁྲིད་དེ་ཨ་རིའི་ཆབ་སྲིད་ནང་ནུས་པ་ཆེན་པོ་བཏོན་ཡོད་འདུག


ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནི་ཧ་ཅང་གི་གལ་ཆེན་པོར་གྱུར་ཡོད་འདུག་ཅིང་། རྒྱུ་མཚན་ནི་གྲོས་ཚོགས་ཀྱི་ཚོགས་གཙོ་ཆགས་རྗེས། མ་འོངས་པ་སྲིད་འཛིན་གྱི་གོ་གནས་ཐོབ་རྒྱུར་རེ་བ་ཆེན་པོ་ཡོད་པས། ཨ་རིའི་རྩ་ཁྲིམས་ནང་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་འགན་རྣམས་ཧ་ཅང་གི་ཞིབ་ཕྲ་ཡོད་འདུག གྲོས་ཚོགས་ཀྱི་ཚོགས་གཙོ་ནི་སྲིད་འཛིན་གཞོན་པའི་གོ་གནས་རྗེས་སུ་སླེབས་ཀྱི་ཡོད་འདུག
ཁོང་གི་བྱས་རྗེས་ཆེ་ཤོས་དག་ནི་ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མའི་(Barack Obama)སྐབས་སུ་ཨ་རིའི་མི་མང་གི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་(Affordable Care Act)གཏན་འབེབས་ཐད་ནུས་པ་ཆེན་པོ་བཏོན་ཡོད་འདུག་ཅིང་། དེ་བཞིན་སྲིད་འཛིན་ཇའོ་བྷ་ཌིན་(Joe Biden)གྱི་སྐབས་སུ་ཨ་རིའི་འཛུགས་སྐྲུན་དང་གནམ་གཤིས་འགྱུར་ལྡོག་གི་ལས་གཞི་ཁག་གི་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་འདུག ད་དུང་ཌོ་ནལ་ཊོམ་(Donald Trump)སྲིད་འཛིན་ལས་ཡུན་དང་པོའི་སྐབས་ཁོང་ནི་ཊོམ་ལ་ཁ་གཏད་གཅོག་མཁན་གཙོ་བོར་གྱུར་པ་མ་ཟད། ཊོམ་གོ་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐད་འགན་གཙོ་བོ་འཁུར་ཡོད་འདུག
ཁ་སང་སྲིད་འཛིན་ལ་ལྕམ་ནན་སི་པེ་ལོ་སི་དགོངས་པ་ཞུ་རྒྱུ་ཡིན་པའི་སྐོར་བརྗོད་སྐབས། ཊོམ་གྱིས་མོ་ནི་སྐབས་ཤིག་ལ་འདྲེ་མོ་ཞིག་རེད།(an evil woman) མོ་དགོངས་པ་ཞུས་པ་དེ་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པ་དང་། མོ་ནི་རྒྱལ་ཁབ་ཀྱི་ཁུར་པོ་ཆེན་པོ་ཞིག་རེད་ཅེས་བརྗོད་འདུག གང་ལྟར་སྲིད་འཛིན་ཊོམ་དང་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་གཉིས་བར་མི་མཐུན་པའི་གནད་དོན་དུ་མ་ཞིག་བྱུང་ཡོད།
བོད་དང་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་གཉིས་ཀྱི་འབྲེལ་བ་ནི། ཐོག་མ་ཕྱི་ལོ་༡༩༨༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་སྐབས། ༧གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཆིབས་སྒྱུར་བསྐྱངས་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་སྐབས་ཁོང་ཡང་འཐུས་མི་དེ་དག་གི་ཁོངས་སུ་ཡོད་པས། དུས་དེ་ནས་འབྲེལ་བ་ཐོག་མ་དེ་འགོ་བཙུགས་ཡོད་འདུག
ཕྱིས་སུ་ཕྱི་ལོ་༢༠༡༥ ལོར་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཡོད་པ་དང་། སྐབས་དེར་ཕྱིར་ཨ་རིར་འབྱོར་རྗེས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག ཁོང་ནི་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གཙོ་བོ་ཞིག་དང་། བོད་གཙོས་པའི་ཐའེ་ཝན་དང་། ཤར་ཏུར་ཀི་སི་ཐན་སོགས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། ད་དུང་ཕྱི་ལོ་༢༠༠༢ ལོའི་ཨ་རིའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་དང་། ཕྱི་ལོ་༢༠༠༧ ལོར་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བ། ཕྱི་ལོ་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག ཕྱི་ལོ་༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་བཅས་ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་ཡོང་ཐབས་ལ་འབད་བརྩོན་གནང་མཁན་གཙོ་བོའི་གྲས་ཤིག་ཡིན་འདུག དེ་བཞིན་ཁོང་བཞུགས་སྒར་དུ་དངོས་སུ་ཕེབས་ཡོད་པ་དང་བོད་ཀྱི་རྩ་དོན་ཆེད་ད་བར་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་ཡོད་པ་རེད།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།