ཨ་རིའི་ནིའུ་ཡོག་ཏུ་དད་ལྡན་ཁྲི་ཚོ་གཉིས་ལ་ཉེ་བས་༧གོང་ས་མཆོག་ལ་མཚོན་དོན་བརྟན་བཞུགས་ཕུལ། 

སྐུ་པར་སྤྱི་ཟུར་ངག་དབང་ཐར་པས་མཁོ་སྤྲོད་གནང་།

ཕྱི་ཟླ་༨ ཚེས་ ༢༠ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་དྲུག་རིང་སྐུའི་ངལ་གསོ་གནང་ས། ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་(Syracuse) ས་གནས་ཀྱི་ (Nappi Farmhouse) ཞེས་པ་ནས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཟླ་༨ ཚེས་༢༢ ཉིན་ནིའུ་ཡོག་ཏུ་ཡོད་པའི་(UBS ARENA) ཞེས་པའི་རྩེད་རྭའི་ནང་དུ། བྱང་ཨ་རིའི་བོད་མི་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་སོགས་ཨ་མི་རི་ཀའི་མངའ་སྡེ་ ༣༠ ཙམ་དང་ཁེ་ན་ཌ་བཅས་ནས་ཡོང་བའི་དད་ལྡན་སེར་སྐྱ་མི་མང་ཁྲི་གཉིས་མ་ཟིན་ཙམ་འདུ་འཛོམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་དེར་འཛོམས་པའི་མི་རྣམས་ཆོལ་ཁ་གསུམ་གྱི་བོད་མི་གཙོས་བོད་རིགས་ས་ཁུལ་ཡོངས་རྫོགས་ཀྱི་མི་སྣ་འཛོམས་ཡོད་པ་དང་། དེ་དག་འཛོམས་པ་ཡང་རྒྱུ་དངོས་པོའི་ཐོག་ནས་འཛོམས་པ་ཞིག་མ་ཡིན་པར། སེམས་ལ་ང་ཚོ་བོད་རིགས་ཞིག་ཡིན་པའི་བསམ་ཚུལ་དང་རྡོག་རྩ་གཅིག་སྒྲིལ་ཐོག་ནས་འཛོམས་ཡོད་པ། དེ་བཞིན་ང་ཚོ་བོད་པ་གཅིག་པུ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤིན་ཏུ་མཁས་པའི་གྲོགས་པོ་མང་པོ་འདུས་ཡོད་པ་དེས། བོད་པ་ཚོ་ལ་ཡོད་པའི་རིག་གཞུང་དེ་འཛམ་བུ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཆགས་ཡོད་པ་ངོས་འཛིན་བྱས་པ་ཞིག་ཡིན་པའི་སྐོར་སོགས་དང་། 
གཞན་ཡང་སངས་རྒྱས་བཅོམ་ལྡན་མྱ་ངན་ལས་འདས་རྗེས་སངས་རྒྱས་ཀྱི་ཆོས་ལ་སྤུས་དག་པོའི་ཐོག་ནས་ཆ་ཚང་བདག་པོ་རྒྱག་མཁན་གཙོ་བོ་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་རྣམས་ཡིན་པ་མཐོང་ཆོས་སུ་གྱུར་ཡོད་པའི་སྐོར་སོགས་གསུངས་པ་དང་། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་སྲོལ་རྒྱུན་ཐོག་སངས་རྒྱས་པའི་ཆོས་ལ་གོམས་གཤིས་དང་སློབ་གཉེར་ཡོད་པ་དེར། བར་སྐབས་རྐྱེན་ངན་མང་པོ་འཕྲད་ཡོད་ཀྱང་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པ་དང་།  མགོན་པོ་གང་ལ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་བོད་རྒྱ་ཆེའི་མི་མང་གིས་རེ་བ་བཅོལ་ས་བྱས་ཡོད་པས།  ད་བར་དུ་བོད་རྒྱ་ཆེའི་མི་མང་གི་གནས་སྐབས་དང་མཐར་ཐུག་གི་རེ་འདུན་གང་ཡོད་ཀྱང་། ཁོང་གིས་ཁ་ཞེ་གཉིས་མེད་སྟེང་རེ་འདུན་འགྲུབ་ཐུབ་པའི་སྨོན་ལམ་བརྒྱབ་ཡོད་པ་མ་ཟད། ལག་ལེན་གྱི་ཐོག་ནས་ཀྱང་ཁ་ཡོད་ལག་ཡོད་ཆགས་ཐུབ་པར་འབད་བརྩོན་ཧུར་ཐག་འབད་ཐག་གནང་བའི་སྐོར།

འབྲེལ་ཡོད་བརྒྱུད་ལམ་ཞིག་གི་པར།


དེ་བཞིན་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་སྨོན་ལམ་རྒྱག་གི་ཡོད་པ་བཞིན་མགོན་པོ་གང་ཉིད་ཀྱིས་ཀྱང་ཐུགས་སྨོན་མཛད་རྒྱུ་དང་། ལྷག་ཏུ་མགོན་པོ་གང་གི་སྐུ་ཚེ་ད་དུང་ཡང་ལོ་བརྒྱ་ལྷག་རིང་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་གནང་བ་མ་ཟད། གང་ཉིད་ཀྱི་གཟིམ་ལམ་དུའང་དཔལ་ལྡན་ལྷ་མོ་ཕེབས་ནས་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་འཚོ་གི་རེད་ཅེས་གསུངས་པར་བཀའ་བསྩལ། གཞན་ཡང་ཆོས་ལུགས་མཐུན་སྒྲིལ་དང་།  ནང་ཆོས་ཀྱིས་གཞན་ཕན་སྒྲུབ་ཀྱི་ཡོད་པས།  ཚང་མས་དེ་དོན་ཧུར་ཐག་བྱེད་དགོས་པ་སོགས་དང་། སངས་རྒྱས་པའི་ཆོས་ཀྱི་བསླབ་བྱར་སོ་སོས་ཀྱང་ཉམས་སུ་ལེན།  གཞན་ལའང་སྐུལ་མ་བྱས་ཏེ་དོན་དམ་གྱི་འཛམ་གླིང་ཞི་བདེ་ཡོང་བའི་གཞི་དང་འབྲེལ་ཡོད་པས་འདིའི་ཐོག་ནས་ཚང་མས་ཧུར་ཐག་གནང་དགོས་པ་སོགས་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་ལ། དེ་བཞིན་བར་སྐབས་སུ་ང་ཚོར་རྐྱེན་ངན་མང་པོ་བྱུང་ཡང་། ཕྱོགས་གཅིག་ནས་རྐྱེན་ངན་གྲོགས་ཤར་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་བསླེབས་ཡོད་པར་གསུངས་པ་དང་།  བོད་རིགས་རྣམས་ལ་ཡང་སེམས་ཤུགས་གསར་པ་བསྐྱེད་དེ་བོད་མི་ཚོས་ད་ལྟ་བར་ཧུར་ཐག་འབད་ཐག་བྱས་སོང་བས། ད་དུང་མུ་མཐུད་བྱེད་རོགས་ཞེས་བཀའ་གནང་། ང་ཚོས་ངོ་ཤེས་ཆོས་གྲོགས་ཚོས་ཀྱང་ཧུར་ཐག་འབད་ཐག་བྱས་པ་དང་བོད་པར་སྙིང་ནས་ཤ་ཚ་དང་ཞེན་ཁོག་འགྱུར་བ་མེད་པར་བསྡད་པ་དེར་ཁོང་གིས་གྲོགས་པོ་ཚང་མར་བཀའ་དྲིན་ཆེ་ཞུས་པ་སོགས་མཛད་གནང་སོང་། ནིའུ་ཡོག་གི་མཛད་འཕྲིན་གྲུབ་རྗེས་༧གོང་ས་མཆོག་སུད་སིར་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ སུད་སི་(Hallenstadion) ཚོགས་ཁང་དུ་སུད་སི་བོད་རིགས་ཚོགས་པས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།