ཨ་རིའི་ཕོ་བྲང་དཀར་པོ་ནས་རྒྱ་ནག་གི་དོགས་པར་གསལ་བཤད།

ཨ་རིའི་ཨོ་བྷ་མའི་སྲིད་གཞུང་གིས་རྒྱ་ནག་ལ་ཨ་རིའི་རྒྱ་ནག་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་ཐོག་འཛིན་བཞིན་པའི་དམ་བཅའ་དེ་མུ་མཐུད་ནས་གནས་ཡོད་སྐོར་བརྗོད་ནས། རྒྱ་ནག་གི་སེམས་འཚབ་ཞི་བར་ཡོང་ཐབས་བྱས་ཡོད་འདུག

15310690_1341732359183963_442205736_nདེ་ཡང་ཟླ་འདིའི་ཚེས་༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། སྐུ་ཞབས་ཊོམ་གྱི་བྱ་སྤྱོད་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གང་ཡིན་པ་ཚོད་དཔག་བྱེད་དཀའ་བ་ཡིན་ཡང་། ཨ་རིའི་ལོ་ངོ་༤༠ ལྷག་རིང་ཐའེ་ཝན་ཐོག་ལ་འཛིན་བཞིན་པའི་སྲིད་ཇུས་དེ་ནི། ཞི་བདེ་ལྷིང་འཇགས་གོང་འཕེལ་དང་རྒྱུན་གནས་ཡོང་ཆེད་ཡིན་པ་དང་། སྲིད་ཇུས་དེ་ལ་རྒྱབ་སྐྱོར་དང་དམ་བཅའ་བརྟན་པོ་བཟུང་བ་དེས། རྒྱ་ནག་དང་ཨ་རིའི་འབྲེལ་ལམ་གོང་འཕེལ་ཕྱིན་ཡོད་ཁར། ཐའེ་ཝན་མི་མང་ལ་ཡང་ཁེ་ཕན་ཐོབ་ཡོད་པ། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་ལ་རྒྱ་ནག་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་ལ་མུ་མཐུད་ནས་རྒྱབ་སྐྱོར་ཡོད་སྐོར་གྱི་ཁས་ལེན་བྱས་སྐོར་བརྗོད་ཡོད་འདུག

བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཊོམ་དང་ཐའེ་ཝན་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝེན་གཉིས་ཐད་ཀར་ཁ་པར་བརྒྱུད་སྐད་ཆ་བཤད་པས། རྒྱ་ནག་གིས་སྐྱོན་བརྗོད་དང་སེམས་འཚབ་ཆེན་པོའི་རྣམ་འགྱུར་བསྟན་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཁང་གི་མགྲིན་ཚབ་པ་ལུ་ཁཱང་གིས་རྒྱ་ནག་དང་ཨ་རིའི་འབྲེལ་བ་དེ་ནི། དུས་རྟག་ཏུ་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐོག་ནས་འབྲེལ་ལམ་བྱེད་ཀྱི་ཡོད་པ་དང་། དེ་མུ་མཐུད་ནས་གོང་འཕེལ་གཏོང་བར། ཕྱོགས་གཉིས་ཀྱི་འབྲེལ་ལམ་ནང་གི་སྲིད་ཇུས་གལ་ཆེན་དག་མུ་མཐུད་བཟུང་བའི་གཞི་རྩའི་ཐོག་མཉམ་ལས་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་རྒྱ་ནག་མི་མང་གི་ཉིན་རེའི་ཚགས་ཤོག་ཅེས་པའི་སྟེང་དུ་བཀོད་པའི་རྩོམ་ཡིག་ཅིག་ནང་། རྒྱ་ནག་དང་མི་མཐུན་པའི་དཀྲུག་རྐྱེན་སློང་བ་ཡིས། སྐུ་ཞབས་ཊོམ་གྱི་སྲིད་གཞུང་གིས་ཨ་རིའི་རྒྱལ་ནང་གི་དཀའ་ངལ་སེལ་བར་ཕན་ཐོགས་ཡོང་རྒྱུ་མིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་ནས་ཨ་རི་དེ་སླར་ཡང་རླབས་ཆེན་བཟོ་བར་ཕན་ཐོགས་རྒྱུ་མིན་སྐོར་གྱི་སྡིག་ར་བསྐུལ་ཡོད་འདུག

ཨ་རིའི་ཐའེ་ཝན་དེ་ཉིད་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གིས་ཐའེ་ཝན་དེ་རང་ཉིད་ཀྱི་མངའ་ཁོངས་ཡིན་ཚུལ་བརྗོད་པ་དེ་ཡང་ཁས་ལེན་བྱེད་ཀྱི་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།